འཇིགས་མེད་ནུབ་པ་ནས། ང་ཚོས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་དྲ་ཐོག་ཏུ་བདེ་འཇགས་དང་ཉེན་སྲུང་ཡོད་པའི་སྒོ་ནས་གནས་ཐུབ་ཆེད་འབད་བརྩོན་བྱེད་བཞིན་པའི་ལས་འགུལ་གྱི་ཆ་ཤས་ལྟ་བུར། སྐད་འཕྲིན་སྐོར་གྱི་བརྙན་ཐུང་འདི་ཚང་མར་གཟིགས་འབུལ་ཞུ་གི་ཡོད། འབྲེལ་ཐག https://www.youtube.com/watch?v=-utq9znzGrU&feature=youtu.be སྐད་འཕྲིན་ནི་འཕྲིན་ཐུང་མཉེན་ཆས་ལྦ་ཚི་ཨབ(Whatsapp)དང་གཞན་པ་དག་ལྟ་བུ་ཡིན་ཞིང་། དེ་ཡིས་བེད་སྤྱོད་གཏོང་མཁན་རྣམས་ལ་ཕན་ཚུན་དབར་དུ་འདྲ་པར་བགོ་བ་དང་བརྙན་ཐུང་གཏོང་བ། འཕྲིན་ཐུང་གཏོང་བ། སྐད་བསྐུར་བ་སོགས་བྱེད་འཇུག་གི་ཡོད། སྐད་འཕྲིན་ནི་འཛམ་གླིང་ཤར་ནུབ་ཀུན་ཏུ་བེད་སྤྱོད་གཏོང་མཁན་གྱི་གྲངས་ཀ་འཕེལ་མགྱོགས་ཤོས་ཀྱི་འཕྲིན་ཐུང་མཉེན་ཆས་ཤིག་ཆགས་བཞིན་ཡོད་པ་མ་ཟད། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཕལ་ཆེ་བས་ཀྱང་དེ་བེད་སྤྱོད་གཏོང་གི་ཡོད། ང་ཚོས་དེ་ལ་སེམས་ཁྲལ་བྱེད་ཀྱི་ཡོད་ཅིང་གཤམ་གྱི་གནད་དོན་ཁག་ནི་ཅིའི་ཕྱིར་ང་ཚོས་བོད་པའི་སྤྱི་ཚོགས་ཁྲོད་དུ་སྐད་འཕྲིན་བེད་སྤྱོད་གཏོང་བ་དེར་སེམས་ཁུར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ཁག་ཡིན། ༡) སྐད་འཕྲིན་ནི་རྒྱ་ནག་ནང་ཁུལ་དུ་ཞབས་ཞུའི་ལྟེ་གནས་ཡོད་མཁན་གྱི་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་ཞིག་གིས་བཟོས་པ་རེད། ༢) སྐད་འཕྲིན་གྱིས་HTTPSབེད་སྤྱོད་གཏོང་གི་མེད་ཅིང་དེ་ཡིས་སྐད་འཕྲིན་ཐོག་བྱུང་བའི་གླེང་མོལ་དང་འབྲེལ་བ་ཁག་ལ་ཉེན་སྲུང་གི་མཐུན་རྐྱེན་སྤྲོད་ཀྱི་ཡོད། ༣) སྐད་འཕྲིན་གྱིས་ཁྱོད་ཀྱི་ལག་འཁྱེར་ཁ་པར་སྟེང་གི་འབྲེལ་མིང་ཚང་མར་བལྟ་ཐུབ་གི་རེད། ༤) སྐད་འཕྲིན་གྱིས་ཁྱོད་ཀྱི་ལག་འཁྱེར་ཁ་པར་སྟེང་གི་འདྲ་པར་དང་ཡིག་ཆ་གཞན་པ་ཚང་མར་ཡང་བལྟ་ཐུབ་གི་རེད། ༥) སྐད་འཕྲིན་གྱིས་ཁྱོད་ཀྱི་སྡོད་གནས་ངོས་འཛིན་ཐུབ་གི་རེད། ༦) སྐད་འཕྲིན་གྱིས་ཁྱོད་ཀྱི་ཁ་པར་སྟེང་གི་འཕྲིན་ཐུང་དང་བརྙན་ཐུང་། འདྲ་པར། སྐད་འཇོག་གླེང་མོལ་སོགས་ཚང་མར་བལྟ་ཉན་བྱེད་ཐུབ་གི་རེད། འདས་པའི་ལོ་ངོ་མང་པོར་། བོད་ཀྱི་ས་ཁུལ་མང་པོ་ནས་བོད་མི་དག་གིས་གསང་རྒྱ་ཅན་གྱི་གནས་ཚུལ་བགོ་འགྲེམས་བྱས་བའི་ཉེན་ལེན་ལ་བརྟེན་ནས་རྒྱ་ནག་གཞུང་གིས་བོད་མི་དག་འཛིན་བཟུང་དང་བཙོན་འཇུག་བྱས་ཡོད་པ་མ་ཟད་ཐ་ན་བོད་མི་དག་གི་ལག་འཁྱེར་ཁ་པར་དང་གློག་ཀླད་སྟེང་དུ་གནས་ཚུལ་མང་པོ་བཀག་འགོག་ཀྱང་བྱས་ཡོད། ང་ཚོས་གོ་ཐོས་ལྟར་ན། འཛིན་བཟུང་དང་བཙོན་འཇུག་བྱས་བ་དེ་དག་གི་ཁྲོད་ཀྱི་མང་པོ་ཞིག་དངོས་ཤུགས་གང་རུང་ནས་སྐད་འཕྲིན་དང་འབྲེལ་བ་འདུག་ཟེར། སྤྱིར་བཏང་ནས་རྒྱ་ནག་གཞུང་གི་ལྟ་རྟོག་ལ་གཡོལ་རྒྱུ་ཧ་ཅང་ཁག་པོ་ཡིན་རུང་། རྒྱ་ནག་གིས་བཟོས་པའི་ཉེན་ཁ་ཅན་གྱི་འཕྲིན་ཐུང་མཉེན་ཆས་སྐད་འཕྲིན་ལྟ་བུའི་རིགས་དང་ལྷན་དུ་མཉམ་གཤིབ་བྱེད་རྒྱུ་ཇེ་ཉུང་དུ་བཏང་ནས་སོ་སོའི་ཉེན་ཁ་ཆུང་དུ་གཏོང་རྒྱུ་ནི་བྱེད་ཐུབ་པ་ཞིག་རེད།ལྷག་པར་དུ། འཛམ་གླིང་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སོ་སོའི་བདེ་འཇགས་དེ་གལ་ཆེན་པོར་བརྩི་དགོས་པ་མ་ཟད་ང་ཚོ་ཚང་མ་ཕན་ཚུན་སྦྲེལ་ནས་ཡོད་ཙང་སོ་སོའི་ལག་འཁྱེར་ཁ་པར་སྟེང་དུ་འཕྲིན་ཐུང་མཉེན་ཆས་ཅི་ཞིག་བེད་སྤྱོད་གཏོང་མིན་སོགས་ཀྱི་སྐོར་ལ་དོ་གཟབ་བྱེད་རྒྱུ་ནི་ང་ཚོའི་རེ་སྐུལ་ཡིན། སྐད་འཕྲིན་དང་འབྲེལ་བའི་གནས་ཚུལ་མང་ཙང་ཤེས་འདོད་ཚེ་ང་ཚོའི་དྲ་ཚིགས་ཐོག་ལ་ཕེབས་རོགས། འབྲེལ་ཐག https:// tibetaction. net བོད་དོན་གྱི་ཆེད་དུ་སོ་སོར་བདེ་འཇགས་ཡོད་པ་བྱོས སྐད་འཕྲིན་དང་འབྲེལ་བའི་དོགས་འདྲི་སོགས་ཡོད་ཚེ། ང་ཚོའི་ལས་བྱེད་བློ་བཟང་རྒྱ་མཚོ་སྲིད་ཐར་ལ་འབྲེལ་བ་གནང་རོགས། ཁོང་གི་གློག་འཕྲིན་ཁ་བྱང་ནི Gmail@ lobsang@tibetaction.net གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
Category: རིགས་བཀར་མེད།
རྒྱ་གར་གྱི་རྒྱལ་རྟགས།
ཐེ་བོ་སངས་རྒྱས། ལོ་རྒྱུས་རང་བཞིན་ཅན་གྱི་ཨ་ཤོ་ཀའི་སེངྒེའི་ཀ་མགོ་དེ་ཡུལ་དུས་དང་བསྟུན་ནས་རྒྱ་གར་བའི་རྒྱལ་རྟགས་སུ་བདམས་པ་རེད། འདི་ནང་བ་སངས་རྒྱས་པའི་ངོས་ནས་གཟི་བརྗིད་དུ་བརྩིས་ན་ཆོག་ཀྱང་འདི་རིགས་ལ་སྣང་འཇོག་བྱེད་མཁན་དཀོན་པར་གདའ།དེ་ཡང་ཨེ་ཤ་ཡའི་སེངྒེ་བཞིས་གཅིག་གིས་གཅིག་ལ་རྒྱབ་བརྟེན་ཅིང་ཡར་ལངས་པ་དེས་སྙིང་སྟོབས་དང་། སྤོབས་པ། གདེང་ཚོད། སྟོབས་ཤུགས་བཅས་མཚོན་ཅིང་། སེངྒེའི་རྟེན་གཞི་རྡོ་ཡི་མཇའ་རིས་མཐའ་རྒྱན་གོར་མོ་ཅན་ཞིག་བརྐོས་པར་མ་ཚད། དེའི་རིམ་པ་འོག་མའི་འཕྲེད་སྟེགས་ཀྱི་མཐའ་སྐོར་ལ་རྡོ་བརྐོས་འབུར་གཟུགས་ཀྱིས་ཤར་དུ་གླང་པོ་ཆེ་དང་། ལྷོར་བ་ལང་། ནུབ་ཏུ་རྟ་མཆོག བྱང་དུ་སེངྒེ་རྣམས་ཀྱི་བར་མཚམས་འཁོར་ལོ་བཞིས་བཅད་པར་སྣང་། དེ་དག་ཀྱང་མེ་ཏོག་པདྨ་མངོན་པར་བཞད་པའི་འཕྲེད་གདན་དུ་བཀོད་འདུག དེའི་མཚན་གཞི་ནི་ཚེ་སྲོག་གི་རྩ་བའི་འབྱུང་ཁུངས་ལས་ཀྱིས་སྐྱེད་པའི་ཆོས་ཉིད་དྲན་སྐུལ་བཏང་ཞེས་བཀྲལ། ཆོས་འཁོར་འབུར་མ་གཅིག་ཀ་མགོའི་མདུན་ངོས་ཀྱི་དབུས་སུ་གསལ་བར་ཁོད་པ་དང་། བ་ལང་དེ་གཡས་ཕྱོགས་དང་རྟ་མཆོག་གཡོན་ཕྱོགས་ཐོག་གཡས་གཡོན་གྱི་སྣེ་གཉིས་སུ་ཆོས་འཁོར་གྱི་ཟུར་རེ་ཏག་ཏག་ཁེལ། གསོན་ཉམས་དོད་པའི་བརྐོས་རིས་དག་འཕྱིད་བརྡར་ལེགས་པར་བྱས་པའི་བྱེ་རྡོ་དུམ་བུ་ཉིས་བརྩེགས་ཅན་ཞིག་ཡིན། དོན་དངོས་ཐོག་འདི་ཆོས་རྒྱལ་མྱ་ངན་མེད་ལ་ཁོང་གི་བཙུན་མོ་དང་པོ་སམ་རཱ་ཇི་ཝི་ངྷི་ཤཱ་ངྷེ་ཝིའི་མཛུབ་སྟོན་ལྟར་བསྐྲུན་པར་བཤད། ཁོ་མོ་ཡང་ནང་བ་སངས་རྒྱས་པའི་རྗེས་འཇུག་ཅིག་ཡིན་ཚོད་རེད། བདག་ཅག་གི་སྟོན་པ་ཤཱཀྱ་མུ་ནེས་ཝ་ར་ན་སིར་ཆོས་འཁོར་དང་པོ་བསྐོར་ཅིང་ནང་བའི་དགེ་འདུན་གྱི་གཞི་བཙུགས་པའི་སར་ཀ་གཞུ་དེ་དྲན་རྟེན་དུ་བསླངས། དེའི་ངོ་བོའམ་མཚོན་རྟགས་ཀ་མགོའི་གཤམ་ན་ཌེ་ཝ་ན་ག་རའི་ཡི་གེར་ satyam-eva jayate सत्यमेव जयते; སཱ་ཏི་ཡམ་ཨི་ཝཱ་ཛ་ཡནྟུ་(བདེན་པ་ཉིད་རྒྱལ་གྱུར་ཅིག) ཞེས་རྩ་ཚིག་ཏུ་བྲིས་ཡོད། ཕྱི་ལོ་ ༡༩༥༠ ལོར་སྐུ་ཞབས་མཱ་རྡ་ཝུ་སའ་ཝ་ནེས་ Madhav Sawhney,སེངྒེ་གསུམ་མངོན་ཞིང་གཅིག་རྒྱབ་ཏུ་གབ་པ་རྒྱ་གར་གྱི་རྒྱལ་རྟགས་སུ་བདམ་གསེས་བྱས་ཤིང་། ལོ་དེའི་ཕྱི་ཟླ་དང་པོའི་ཚེས་ཉེར་དྲུག་སྟེ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་ཨ་ཤོ་ཀའི་སེངྒེའི་ཀ་མགོ་དེ་རྒྱལ་རྟགས་སུ་གཏན་འབེབས་བྱས། སེངྒེའི་ཀ་མགོ་ངོ་མ་དེ་དེང་སང་ཝ་ར་ན་སིའི་ཉེ་འཁོར་ས་ར་ན་ཐཱའི་འགྲེམ་སྟོན་ཁང་ཞིག་ཏུ་ཉར་ཚགས་བྱས་ཡོད་པ་ངས་ཀྱང་མཐོང་མྱོང་། རྒྱལ་རྟགས་དེ་སྤྱི་འགྲོས་ལྟར་རྒྱ་གར་གཞུང་གི་ལས་ཁུངས་ཁག་གི་ལས་ཤོག་དང་དངུལ་ལོ་སོགས་སུ་དཔར་ཡོད། གཞན་ཡང་ཨ་ཤོ་ཀའི་ཆོས་འཁོར་ངྷརྨ་ཙཀྲ་དེ་རྒྱ་གར་གྱི་རྒྱལ་དར་དུའང་བཞག་ཡོད་དོ། ། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
གླུ་མ་རིག་འཛིན་སྒྲོལ་མ་དང་བོད་ཡིག་འཛིན་གྲྭ།
རླབས། [youtube https://www.youtube.com/watch?v=_b40XQ0H6Wc] གླུ་མ་རིག་འཛིན་སྒྲོལ་མར་མཚོ་སྔོན་བརྙན་འཕྲིན་ཁང་གིས་བཅར་འདྲི་བྱས་པ། ཉེ་བའི་ལོ་ཤས་ནས་བཟུང་བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྤེལ་གསུམ་སྐོར་ལ་ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་ཕུལ་དང་འབུལ་བཞིན་པའི་བོད་རིགས་གང་མང་ཞིག སྤྱི་ཚོགས་ཀྱི་ལས་རིགས་ཁག་འདྲ་མིན་གྱི་ཁྲོད་ནས་མཐོང་ཐུབ་པ་ལས་བོད་ཀྱི་གླུ་མ་རིག་འཛིན་སྒྲོལ་མ་ནི་དཔེར་མཚོན་ལེགས་ཤོས་གཅིག་རེད། དཔའ་རིས་བལ་བཟའ་བཀྲ་ཤིས་དཔལ་ཡོན་སྡེ་བའི་གྲོང་གསེབ་ཁྱིམ་ཚང་དཀྱུས་མ་ཞིག་ནས་འཚར་ལོངས་བྱུང་བའི་གླུ་མ་འདིས་ཉེ་བའི་ལོ་ངོ་གཉིས་གསུམ་གྱི་ནང་དུ་དཔའ་རིས་ས་ཆའི་གྲོང་གསེབ་ཁག་ཏུ་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་གསར་དུ་སྐྲུན་བཞིན་འདུག བོད་ལྗོངས་དྲ་བའི་ཕུལ་བྱུང་མི་སྣ་ངོ་སྤྲོད་ཀྱི་ཚན་པར་བཀོད་དོན “ ཆེས་སྤྱིར་བཏང་གི་གྲོང་གསེབ་ཁྱིམ་ཚང་དཀྱུས་མ་ཞིག་ནས་འཚར་ལོངས་བྱུང་བའི་གླུ་མ་རིག་འཛིན་སྒྲོལ་མ་ནི་ཐ་ན་སློབ་གྲྭའི་སྒོ་ཐེམ་ཡང་བརྒལ་མ་མྱོང་བའི་བོད་རིགས་བུད་མེད་དཀྱུས་མ་ཞིག་ཡིན་ནའང་། ཁོ་མོའི་ཆོད་སེམས་དང་ཧུར་བརྩོན་ཆེན་པའི་བརྒྱུད་རིམ་ཁྲོད་དུ་དེ་རིང་གི་གླུ་མ་རིག་འཛིན་སྒྲོལ་མ་ནི་མདོ་དབུས་ཁམས་གསུམ་ན་མིང་དུ་གྲགས་པའི་ཆེད་ལས་ན་གཞོན་གླུ་མ་ཞིག་ཏུ་གྱུར་ཡོད།”ཅེས་གདེངས་འཇོག་ཆེན་པོ་གནང་འདུག འོན་ཀྱང་། རིག་འཛིན་སྒྲོལ་མ་ནི་རང་ཉིད་གཅིག་བུའི་སྙན་གྲགས་དང་ཁེ་ཕན་ཙམ་གྱིས་བློ་ཡིད་ཚིམས་ནས་སྡོད་མཁན་གྱི་གྲས་དེ་གཏན་ནས་མ་ཡིན། ཁོ་མོའི་མི་ཚེའི་ནང་གི་ཆེས་གལ་ཆེ་བའི་རྨི་ལམ་གཅིག་ནི་བོད་སྐད་བོད་ཡིག་གི་ཁོར་ཡུག་ཡོངས་སུ་བརླགས་ཟིན་པའི་རང་ཉིད་ཀྱི་ཕ་ཡུལ་དཔའ་རིས་ས་ཕྱོགས་ཁྱོན་ཡོངས་སུ་བོད་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་སྤེལ་གསུམ་བཅས་བྱེད་ཐུབ་མི་རབས་གསར་བ་ཞིག་བསྐྱེད་བསྲིང་བྱེད་རྒྱུ་དེ་ནི་ཁོ་མོའི་མི་ཚེའི་ནང་གི་ཕུགས་རེ་དང་བོར་གྱུར། དཀའ་ངལ་ཆེ་བའི་གྲོང་གསེབ་བུ་མོ་ཞིག་གི་ལས་ཀ་ཡོད་ཚད་ཕྲག་ཏུ་བླངས་ཤིང་བོད་ཡིག་དང་བོད་གླུ་འདྲ་མིན་ཞོར་དུ་སྦྱངས་བ་བྱས་ནས་ནར་སོན་པའི་གླུ་མ་རིག་འཛིན་སྒྲོལ་མར་ཁོ་མོ་རང་ཉིད་ཀྱི་གླུ་དབྱངས་སྒྱུ་རྩལ་གྱི་ཁྱད་ཆོས་ཡོད་པར་གྱུར། གསར་འགོད་པ་དང་རྩོམ་བྲིས་མཁན་ཨ་རིག་འགྱུར་མེད་ཀྱིས་རྩོམ་ཡིག་ཏུ་བཀོད་དོན “ཁོ་མོས་ད་བར་གྱེར་བའི་གླུ་གཞས་དག་ནི་བོད་སྐད་རང་སྟེང་དང་ཀ་མེད་སུམ་ཅུས་དམ་དུ་སྤྲེལ་བའི་གླུ་གཞས་ཁག་ཅིག་ལས། དབྱིན་རྒྱ་སོག་གསུམ་གྱི་གླུ་གཞས་རིགས་མིན་པ་དེ་རེད། ངས་ཁོ་མོའི་རྒྱ་སྐད་རྒྱ་ཡིག་གི་ཤེས་ཚད་དང་དབྱིན་སྐད་དབྱིན་ཡིག་གི་ཤེས་ཚད། དེ་མིན་སྐད་རིགས་གཞན་གྱི་ཤེས་ཚད་ཅི་ཡོད་མི་ཤེས་ནའང་། ཨ་གསར་ལ་དགའ་ཞིང་དེང་རབས་ཅན་ཟེར་མཁན་གྱི་གཡམ་རྒྱུག་ལ་དགའ་བའི་དེང་རབས་ཀྱི་གླུ་པ་གླུ་མ་ཚོ་ལྟར། ཁོ་མོ་ལྟ་བུའི་ན་ཆུང་ལོ་གཞོན་ཞིག་གིས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་རྒྱ་གཞས་རེ་འགའ་སྦྱང་ན་མ་ཡོང་བ་ཡོད་རྒྱུ་མ་རེད་སྙམ།” ཞེས་དཔྱད་པ་ཁ་གསལ་གསལ་བོར་བཀོད་འདུག རང་ཉིད་ལ་མཚོན་ན་གླུ་མ་རིག་འཛིན་སྒྲོལ་མའི་སྙན་ཞིང་འཇེབས་པའི་སྐད་ངག་སྙན་མོ་དེ་ལོངས་སུ་སྤྱོད་བཞིན་ཁོ་མོའི་གངས་རི་ལྟར་དཀར་བའི་ལྷག་བསམ་ལ་ཡི་རངས་དང་རི་བོ་བཞིན་བརྟན་པའི་སེམས་ཤུགས་ལ་སློབ་སྦྱོང་བྱེད་མཁན་ཞིག་ཡིན། ཨ་རིག་འགྱུར་མེད་ཀྱིས་སླར་ཡང་བསྐྱར་བཤད་རྒྱུར་ “དེ་བཞིན་ཁོ་མོས་ད་བར་བླངས་པའི་གླུ་གཞས་ཁག་གི་རོལ་མོའི་རམ་འདེགས་ལ་རྒྱ་གདངས་ཀྱིས་ཤན་ཤུགས་ཐེབས་པ་མེད་ལ། གཞས་ཀྱི་བར་དུ་རྒྱ་སྐད་ཚིག་ལྡོག་འགས་མཛེས་སྤྲོས་བྱེད་པ་ལྟ་བུའི་རིགས་ཀྱང་གཏན་ནས་མེད་པ་བཅས་ཀྱིས་ང་ཁོ་མོའི་ཐུན་མིན་གྱི་ཁྱད་འཕགས་དང་ཕྱི་ནང་གསང་གསུམ་གྱི་མཛེས་སྡུག་འདི་དག་ལ་ཡི་རངས་ཤིང་། དགའ་བ་འཕེལ་སོང་།”ཟེར། གླུ་མ་རིག་འཛིན་སྒྲོལ་མས་ཁྱོན་དཔའ་རིས་ས་ཁུལ་གྱི་གྲོང་གསེབ་བཅུ་གཉིས་ལྷག་ནས་ཁྱོན་བོད་རིགས་བྱིས་པ་དྲུག་བརྒྱ་མ་ཟིན་ཙམ་ལ་ལོ་རེའི་དགུན་གནང་གི་དུས་ཚོད་བེད་སྤྱད་ནས་བོད་ཡིག་འཛིན་གྲྭ་སྒྲུབ་བཞིན་ཡོད་འདུག སྙུ་གུ་དང་འབྲི་དེབ་ཀློག་དེབ་ཚང་མ་རིག་འཛིན་སྒྲོལ་མ་རང་ཉིད་ཀྱིས་མཐུན་རྐྱེན་སྦྱོར་བཞིན་ཡོད་འདུག འཛིན་ཁང་གི་ཕྱོགས་ནས་གཞུང་གི་སློབ་ཁང་དང་ཁྱིམ་ཚང་གི་སྦྲ་གུར་སྡོད་ཁང་སོགས་ས་གནས་སོ་སོའི་གནས་བབ་ལ་དཔག་པའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག འདིར་སྐབས་སུ་བབ་པའི་བརྗོད་བྱ་གཙོ་བོ་ནི་ཉེ་ཆར་གླུ་མ་རིག་འཛིན་སྒྲོལ་མ་ཁོང་ཨ་རིར་ཕེབས་ནས་ཁོང་མོའི་ཕ་ཡུལ་གྱི་བྱིས་པ་བརྒྱ་ཕྲག་དུ་མའི་ཆེད་དུ་གླུ་གཞས་འདུ་འཛོམས་གོ་སྒྲིག་བྱེད་བཞིན་ཡོད་འདུག གལ་སྲིད་སྐུ་ཉིད་ཨ་ཪིར་བཞུགས་མཁན་ཞིག་ཡིན་ཚེ་ངེས་པར་དུ་ཁོང་མོའི་རླབས་ཆེན་གྱི་བྱ་བཞག་འདི་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ཞལ་འདེབས་རེ་འབུལ་རོགས་གནང་ཞུ་རྒྱུ་ཡིན། དེ་མིན་གཞན་ཡུ་རོབ་སོགས་ས་ཁུལ་འདྲ་མིན་ནས་ལས་གཞི་འདིའི་ཆ་ཤས་རེ་ལེན་ཐུབ་ན་ལེགས། སྤྱི་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་ནེའུ་ཡོག་ཏུ་ཁོ་མོའི་དགོངས་ཚོགས་ཡོད་པས་དུས་ལྟར་ཕེབས་པར་དགའ་བསུ་ཞུ། དབྱིན་ཡིག་ཐོག་ཏུ་བཀོད་པའི་ཁོ་མོའི་གནས་ཚུལ་ལ་འདི་ནས་གཟིགས་པར་འཚལ། http://www.facebook.com/events/462476780434531/permalink/462869127061963/ གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
གསང་ཚིག་བརྟན་པོ་ཡོད་ན། གློག་འཕྲིན་རྐུན་མར་ཤོར་དཀའ།
འཇིགས་མེད་ནུབ་པ། ད་ལྟའི་སྤྱི་ཚོགས་ནི་བརྡ་འཕྲིན་གྱི་སྤྱི་ཚོགས་ཤིག་ཡིན་། སྤྱི་ཚོགས་འདིའི་ཁྲོད་དུ། མི་སྒེར་བའི་གནས་ཚུལ་དང་གསང་བ་མང་པོ་ཞིག་དྲ་ཐོག་ན་ཡོད་ཅིང་། མི་མང་པོ་ཞིག་གིས་། སྒེར་གྱི་གནས་ཚུལ་དང་གསང་བ་དེ་ཚོ་སོ་སོའི་གློག་འཕྲིན་གྱི་ནང་དུ་ཉར་གི་ཡོད། ད་དུང་། མི་རེ་རེར་དྲ་ཐོག་གི་གློག་འཕྲིན་ཁ་བྱང་རེ་ཡོད་ཅིང་། གློག་འཕྲིན་ཁ་བྱང་རེ་ལ་ཁང་པའི་སྒོ་ལྕགས་ལྟ་བུའི་གསང་ཚིག་རེ་ཡོད་། གལ་སྲིད་ཁྱེད་ཀྱི་གསང་ཚིག་དེ་གཞན་གྱིས་ཤེས་ཚེ་། ཁྱེད་རང་གི་གནས་ཚུལ་ཚང་མ་གཞན་གྱིས་བརྐུ་ཐུབ་པ་མ་ཟད་། ཁྱེད་དང་འབྲེལ་བའི་གྲོགས་པོ་དང་ཉེ་འབྲེལ་སོགས་ཀྱི་གནས་ཚུལ་ཡང་གཞན་གྱིས་བརྐུ་སྲིད་། དེར་བརྟེན། གློག་འཕྲིན་གྱི་གསང་ཚིག་དེ་། བརྟན་པོ་དང་རིང་པོ། མགོ་རྙོག་ཅན་ཞིག་བཟོ་རྒྱུ་ནི། དྲ་ཐོག་གི་རྐུན་མ་འགོག་པའི་ལམ་ཁ་དང་པོ་དེ་ཡིན། ང་ཚོ་སུ་ཡིན་རུང་། སོ་སོའི་གློག་འཕྲིན་ནང་གི་གནས་ཚུལ་དང་གསང་བ་དེ་ཚོ་ཕྱི་མི་ལ་ཤེས་འཇུག་འདོད་མེད་། འོན་ཀྱང་། ང་ཚོས་གནས་ཚུལ་དང་གསང་བ་དེ་ཚོ་དོ་གཟབ་སྒོས་ཉར་གི་མེད་། དོ་གཟབ་སྒོས་ཉར་བ་ལ་གསང་ཚིག་བརྟན་པོ་དགོས། གསང་ཚིག་བརྟན་པོ་ནི་སྒོ་ལྕགས་བརྟན་པོ་དང་མཚུངས། གལ་སྲིད་ཁྱེད་ཀྱི་ཁང་པའི་སྒོ་ལྕགས་བརྟན་པོ་མེད་ན། གཞན་གྱིས་ལས་སླ་བོའི་ངང་ནས་ཁྱེད་ཀྱི་ཁང་པའི་ནང་གི་ཅ་དངོས་རྩ་ཆེན་ཚང་མ་བརྐུ་གི་རེད་། དེར་བརྟེན། གློག་འཕྲིན་གྱི་གསང་ཚིག་ཚོད་དཔག་སླ་བ་དེ་འདྲ་གཏན་ནས་མ་བཟོ། ལྷག་པར་དུ། གསང་ཚིག་གི་ཁོངས་སུ། སོ་སོའི་ནང་མིའི་མིང་ལྟ་བུ་དང་སོ་སོའི་སྐྱེས་ཡུལ་གྱི་མིང་ལྟ་བུ། ཡང་ན་ལོ་རྒྱུས་ཀྱི་དུས་ཚོད་གལ་ཆེན་ལྟ་བུ། ད་དུང་སོ་སོ་སྒེར་དང་འབྲེལ་བའི་ཟླ་ཚེས་གལ་ཆེན་ལྟ་བུ་སོགས་གཏན་ནས་འཇུག་མི་ཉན། རྒྱུ་མཚན། དེའི་རིགས་ནི་དྲ་ཐོག་གི་རྐུན་མས་ལས་སླ་བོའི་ངང་ཚོད་དཔག་བྱེད་ཐུབ། དེར་བརྟེན། གཞན་གྱིས་ཁྱེད་ཀྱི་གསང་ཚིག་ཚོད་དཔག་བྱེད་མི་ཐུབ་པ་དང་རྐུ་མི་ཐུབ་པའི་ཆེད་དུ། གོང་དུ་བཤད་པ་བཞིན། གསང་ཚིག་དེ་རིང་པོ་དང་མགོ་རྙོག་པོ། བརྟན་པོ་བཅས་བཟོས། འོ་ན། གསང་ཚིག་རིང་པོ་དང་མགོ་རྙོག་པོ། བརྟན་པོ་ཇི་ལྟར་བཟོ་དགོས་སམ་ཞེ་ན། གློག་འཕྲིན་གྱི་གསང་ཚིག་བཟོ་དུས། ཐོག་མར་ཚིག་གྲུབ་རིང་པོ་ཞིག་ལ་བསམ་བློ་ཐོངས་། དེ་ནས་ཨང་གྲངས་འགའ་དང་མཚོན་རྟགས་འགའ་བསྣན་ནས་ཚིག་གྲུབ་དེའི་ཁོངས་ཀྱི་མིང་ཚིག་འགའ་བརྗེ་སྤོར་བྱོས། དེའི་རྗེས་སུ། མིང་ཚིག་དང་ཨང་གྲངས། མཚོན་རྟགས་བཅས་ཀྱི་ཡི་གེ་འགོ་མ་དེ་བེད་སྤྱོད་བཏང་ནས་གསང་ཚིག་གསར་བ་ཞིག་བཟོས། དཔེར་ན། གལ་སྲིད་ཚིག་གྲུབ་དེ་དབྱིན་ཡིག་ནང་། Dolma keeps going to Nyamzom…
ཨེན་ཌོའི་ཌེ་མཉེན་ཆས་ཅན་གྱི་སེམ་སུང་ཁ་པར་གྱི་བོད་ཡིག་འཐེབ་གཞོང་གསར་པ།
གྲོགས་པོ་ལགས། ཉེ་ལམ་ནས་སེམ་སུང་ཁ་པར་ནང་དུ་བོད་ཡིག་སླེབས་པ་ནས་བཟུང་ཁོ་བོ་གཙོས་གྲོགས་པོ་མང་པོ་ཞིག་གིས་སེམ་སུང་ཁ་པར་ཉོས་ཡོད། ཡིན་ནའང་། ཁ་པར་ནང་བོད་ཡིག་འབྲི་དུས་སྤྱོད་བཞིན་པའི་multiling keyboard ཀ་མད་གྲལ་བསྟར་བསྒྲིགས་པའི་འཐེབ་གཞོང་དེ་སྤྱད་དཀའ་བ་དང་། ལྷག་པར་ཡིག་འབྲུ་མང་དྲགས་པས་མེ་ལོང་ཆུང་ཅན་གྱི་ཁ་པར་ནང་བོད་ཡིག་ཤིན་ཏུ་འབྲི་དཀའ་བའི་དཀའ་ངལ་འཕྲལ་བཞིན་ཡོད་པ་ཚང་མས་མཁྱེན་གསལ་ལྟར་ཡིན། འོན་ཀྱང་ཉེ་ལམ་ཁོ་བོས་འཇུས་འགོད་དང་multiling keyboard བཟོ་སྐྲུན་པས་བྱས་འབྲས་སུ། བོད་གཞུང་གློག་ཀླད་འཐེབ་གཞོང་དང་། དེ་བཞིན་ཨ་ཡེ་ཕོན་འཐེབ་གཞོང་འདྲ་བའི་ཁ་པར་འཐེབ་གཞོང་གསར་པ་ཞིག་གྲུབ་ཡོད། འཐེབ་གཞོང་དེའི་ཁྱད་ཆོད་ནི་བོད་ཡིག་གི་སྒྲ་གདངས་དང་མཐུན་པར་ཡི་གེ་འཆར་འགོད་བྱས་ཡོད་པ་དང་། གྲལ་གཅིག་ཏུ་ཡིག་འབྲུ་བཅུ་ལས་ལྷག་པ་མེད་པ་དང་། དེ་བཞིན་སྦྲུལ་ཤད་དང་། རིན་ཆེན་སྤུངས་ཤད་དང། འདོགས་པ་ཅན་གྱི་ཥ་སོགས་གསར་དུ་བསྣོན་ཡོད། གོང་བརྗོད་ཨེན་ཌོའི་ཌེ་བོད་ཡིག་འཐེབ་གཞོང་དེ་སྤྱོད་འདོད་ཡོད་ཚེ། མལ་ཊི་ལིང་འཐེབ་གཞོང་multiling keyboard གསར་ཤོད་དེ་ཕབ་ལེན་བྱས་རྗེས། བེད་སྤྱོད་བཏང་དུས་123 ཅན་གྱི་མཛུབ་གནོན་དེ་བསྣུན་བསྡད་ནས། དེ་ནས་འཐོན་པའི་གཟུགས་བརྙན་ནང་གི་མཛུབ་བསྣོན་ཆེ་ཆུང་གཉིས་ཅན་ཞིག་ཡོད་པ་དེ་འདེམས་དགོས། གཞན་དེ་སྔ་ལྟར་ཡིན། མ་གཞི་ཨེན་ཌོའི་ཌེ་ཁྲོམ་ར་ནང་ནས་ཕབ་ལེན་བྱེད་ཆོག་མོད། ཐད་ཀར་ཕབ་ལེན་གནང་བློ་ཡོད་ན་འདིར་གནོན་རོགས། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།