གངས་རིའི་ཉི་མ། ཨེ་མིས་ཏྲིས་གཙུག་ལག་སློབ་ཆེན།
རྒྱལ་ཁབ་དང་མི་རིགས་སུ་དང་སུ་ལ་མཚོན་ནའང་སྐད་ཡིག་ནི་རྒྱལ་ཁབ་དང་མི་རིགས་གང་དེའི་ངོ་བོ་འཚོ་གནས་ཀྱི་སྲོག་ཤིང་ཡིན་པས། དེང་གི་ཆར་རྒྱལ་ཁབ་སོ་སོར་སྐད་ཡིག་སྲུང་སྐྱོབ་གནང་སྟངས་གནང་ལུགས་ཐད་ཐབས་ཇུས་འདྲ་མིན་ཡོད། དེ་འདྲའི་སྲིད་ཇུས་ཤིག་ཡོང་དགོས་པའི་རྒྱུ་རྐྱེན་ཡང་སྐད་ཡིག་གི་རིན་ཐང་དང་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གནས་དར་འཕེལ་རྒྱུན་འཛིན་ཕྱིར་ཡིན་པར་འདོད། ང་ཚོ་ཕྱི་སྡོད་བོད་པ་ཚོ་ཡང་ནུབ་ཕྱོགས་རྒྱལ་ཁབ་ཁག་སྟེ། འཇར་མན་དང་ཧྥ་རན་སི་སོགས་ཀྱི་སྐད་ཡིག་སྲིད་ཇུས་ལ་ཆ་རྒྱུས་མེད་པ་ནི་མ་ཡིན་མོད། འོན་ཀྱང་། ང་ཚོ་ཅིའི་ཕྱིར་ད་དུང་ད་ལྟའི་གནས་སྟངས་འདི་འདྲ་ཞིག་ཏུ་ལྷུང་བ་རེད། བོད་མི་རིགས་ཀྱི་ངོ་བོ་དང་སྲོག་ཤིང་དགོས་མིན་ཐད་ནས། བོད་མི་མཐོ་དམན་དང་སྐྱ་སེར། རྒན་གཞོན། ཕོ་མོ་སུ་ཞིག་ལའང་དམིགས་བསལ་དང་ཆག་ཡང་ཡོད་པ་མ་ཡིན། ཉིན་ཤས་གོང་།
བློ་བཟང་དབང་རྒྱལ་གྱི་གོ་སྒྲིག་འོག་གི་བོད་ཀྱི་མཛངས་མིའི་དབུ་རྒྱན་ཐོབ་པའི་བསྟན་འཛིན་སངས་ཉི་ལགས་དང་འབྲེལ་བའི་རྩོམ་ཡིག་ཁག་ཁ་ཤས་མཐོང་། རྩོམ་ཡིག་དེ་དག་ཁག་གཉིས་སུ་ཕྱེས་འདུག ཕྱོགས་ཁག་གཅིག་གིས་ཁོ་མོའི་བོད་སྐད་བསྐྱོན་སྟངས་ལ་གུ་ཡངས་ཀྱི་བསམ་བློ་དགོས་རབས་དང་རྗེས་ཕྱོགས་སྐད་ཡིག་ཡར་རྒྱས་གཏོང་ན་འགྲིག་པར་གླེང་། ཕྱོགས་གཞན་དེས་སྐད་ཡིག་གི་བོད་ཀྱི་ངོ་བོ་དང་ཚེ་སྲོག་ཡིན་པས་བོད་ཀྱི་སྐུ་ཚབ་བྱེད་མཁན་ཞིག་གིས་བོད་སྐད་བསྐྱོན་མ་ཤེས་ན་གཏན་ནས་མི་འགྲིག་ཚུལ་གྱིས་སྐྱོན་བརྗོད་བྱས། བགྲོ་གླེང་གི་ཕྱོགས་ཁག་དེ་གཉིས་ཆ་མཐར་དེད་ན། བོད་མི་རིགས་དང་བོད་མི་རིགས་ཀྱི་མ་འོངས་པར་ཤ་ཚ་མཁན་ཤ་སྟག་ཡིན་པའི་ངེས་ཤེས་ཐོག་ནས་རང་གི་མི་རིགས་འདིའི་ཆེད་དུ་བསམ་ཚུལ་བརྗེ་རེས་བྱས་པར་རྗེས་སུ་ཡི་རངས་བྱེད་དགོས་པ་ཞིག་ཏུ་མཐོང་། འོན་ཀྱང་། ལྷ་ཐོད་དཀར་མཉམ་དུ་འདྲེ་རྣ་ནག་མ་ཅེས་པའི་དཔེ་བཞིན་དུ། སྐབས་འདིའི་བགྲོ་གླེང་གི་གོ་སྐབས་འདི་བརྒྱུད་ནས་བོད་སྐད་ཡིག་གི་རིན་ཐུང་ཆུང་དུ་གཏོང་འདོད་དང་། བོད་སྐད་ཡིག་འདི་བོད་མི་ཞིག་ཡིན་ཕྱིན་མ་ཤེས་ནའང་འགྲིག་པ་ཞིག་ཏུ་བཟོ་འདོད་ལ་འབད་བརྩོན་ལྷོད་མེད་བྱེད་བཞིན་པའི་ར་མ་ལུག་སྐོར་ཞིག་ཡོད་པ་དེ་དག་རེད། ང་ཚོས་དྲ་ཐོག་ཁག་ནས་ཕན་ཚུན་གཤིབ་བསྡུར་རོབ་ཙམ་བྱས་ན་སྡེར་མོ་སྤུ་གསེང་དུ་བརྐུངས་ནས་ཡོད་པའི་ལྦ་མོ་དེ་དག་ལྷང་ངེར་མཐོང་ངེས་ཡིན། གང་ཡིན་ཟེར་ན་ཁོ་བ་ཚོར་ཁྱད་ཆོས་ཁ་ཤས་ཡོད། ༡) ཁོ་བ་ཚོ་མང་བོ་ཞིག་གིས་སོ་སོས་བོད་སྐད་ཡིག་སྔོན་ནས་བརླགས་ཏེ་ར་མ་ལུག་ཏུ་གྱུར་ཚར་བ་ཤ་སྟག་ཡིན། ༢)བོད་སྐད་ཡིག་དང་དེའི་རིན་ཐང་ཆེ་རུ་སོང་ན་བོད་སྐད་ཡིག་གི་རྨང་གཞི་ཙམ་ཡང་མེད་མཁན་སོ་སོའི་མདུན་ལམ་ལ་གནོད་དོགས་ཀྱིས་ཡིན། ༣)ཅོལ་ཆུང་གཞན་རྗེས་འབྲང་ཟེར་བ་བཞིན་གོ་སྐབས་འདི་བཟུང་ནས་རང་ཉིད་གུ་ཡངས་པོ་དང་ཁོག་རྒྱ་ཆེན་པོ་ཞེ་བོ་ཞིག་ཡིན་པ་གཞན་ལ་སྟོན་ཆེད་ཡིན། མི་འདིའི་རིགས་ཀྱིས་ད་ལྟའི་གོ་སྐབས་འདི་བརྒྱུད་ནས་བོད་ཀྱི་སྐད་ཡིག་དེ་ཚོང་རྫས་ཤིག་གི་ཚད་དུ་བརྩིས་ནས་རང་ཉིད་ཀྱི་འདོད་དོན་སྒྲུབ་བཞིན་ཡོད་པ་རེད། འདི་ནི་ཉེན་ཁ་ཧ་ཅང་ཆེ་བའི་གནད་དོན་ཞིག་ཡིན་པ་མ་ཟད་ང་ཚོ་ཚང་མས་ངེས་པར་དུ་ཤེས་དགོས་པའི་གནད་དོན་ཞིག་ཀྱང་ཡིན། བོད་ཀྱི་མཛངས་མ་ཡིན་ནའང་འདྲ་གཞན་སྤྱི་ཚོགས་ཐོག་ཏུ་འབུར་ཐོན་བྱེད་ཐུབ་པའི་བོད་མི་སུ་འདྲ་ཞིག་ཡིན་ནའང་རྒྱབ་སྐྱོར་བྱེད་ལོས་དགོས། བཀུར་བསྟི་བྱེད་དགོས་དང་དགོས། འདི་ནི་མཐར་དེད་ན་ང་ཚོ་ཐུན་མོང་གི་ཆེད་མ་ཡིན་ནམ། ཡིན་ནའང་། ང་ཚོ་ཐུན་མོང་གི་སྐད་ཡིག་གི་ཚེ་སྲོག་ལ་ཐུག་དུས། བོད་ཀྱི་སྲིད་སྐྱོང་དང་བོད་ཀྱི་མཛངས་མ་སུ་ཞིག་ཡིན་ནའང་དམིགས་བསལ་དང་ཆག་ཡང་བཏང་དགོས་པའི་རྒྱུ་མཚན་མ་མཐོང་། ཁོར་ཡུག་དང་སློབ་གྲྭ གཞུང་སོགས་ལ་ཁག་དཀྲིས་གནང་རྒྱུ་དེ་ང་ཚོའི་གོམས་གཤིས་སུ་སྔོན་མ་ནས་འཇགས་ཡོད། མ་ཟད་གནས་ལུགས་དེ་འདྲའི་རིགས་ལ་ཉེས་འགེབས་དང་ཧམ་པ་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་རེད། ཁོང་ཚོ་ནི་བོད་སྐད་བོད་ཡིག་གི་ཚེ་སྲོག་གཅོད་མཁན་དངོས་ཡིན། འོན་ན། བོད་སྐད་ཡིག་གི་ཕྱིར་དུ་རྒྱ་ནག་བཙོན་ལ་ཚུད་ཅིང་བོད་སྐད་གི་ཆེད་དུ་རང་ཉིད་ཀྱི་མི་ཚེ་གང་གི་ལས་ཀ་ཡོངས་རྫོགས་ཀྱང་ཤོར་བཞིན་པའི་བོད་ནང་གི་རྒན་གཞོན་སེར་སྐྱ་ཕོ་མོ་ཚང་མས་སུ་ལ་ཁག་དཀྲིས་གནང་དགོས་སམ། སྲིད་སྐྱོང་དང་མཛངས་མ་ལྟ་བུ་བོད་སྤྱི་ཚོགས་ཀྱི་སྔོན་ལ་ཐོན་མཁན་ཡིན་ཟེར་མཁན་ཚོས། བོད་སྐད་བོད་ཡིག་མ་ཤེས་ན་སྒེར་སོ་སོའི་ངོ་ཚ་རེད། དེ་ལ་ཆག་ཡང་དང་དམིགས་བསལ་བྱེད་དགོས་དོན་ཅི་ཡོད། བོད་སྐད་ཡིག་འདི་རིན་གོང་ཆག་ཡང་ཆོག་པའི་རྒྱལ་ཁབ་ཀྱི་ཚོང་རྫས་མ་རེད་མོད། སྤྱིར་ན་སྲིད་སྐྱོང་དང་མཛངས་མ་ཙམ་ཡང་མ་རེད། ང་ཚོ་བོད་པ་སྐྱབས་བཅོལ་བ་ཚོ་རང་ཉིད་ཀྱི་ངོ་བོ་དང་རིག་གཞུང་ལ་ཁྲེལ་མེད་ནའང་ང་ཚོས་གདོང་པ་ཕྱི་ལ་བསྟན་ན་ངོ་ཚ་དགོས་ས་གསུམ་ཡོད།
དང་པོ། རྒྱ་ནག་གཞུང་ཡིན། དམར་བོའི་སྲིད་ཇུས་འོག་ཏུ་བོད་པ་ཚོར་བོད་རང་གི་སྐད་དང་ཡིག་གེ་སྦྱང་བའི་གོ་སྐབས་མེད། རྒྱ་ནག་གིས་ང་ཚོའི་སྐད་ཡིག་རྩ་མེད་གཏོང་བཞིན་འདུག་ང་ཚོའི་ངོ་བོ་འཕྲོག་བཞིན་འདུག་ཟེར་མཁན་དེ་ང་ཚོ་ཕྱི་སྡོད་བོད་པ་ཚོ་མ་ཡིན་ནམ། འོ་ན། ང་ཚོ་རང་ཉིད་ཀྱིས་ད་ལྟ་ཅི་ཞིག་བྱེད་བཞིན་ཡོད།
གཉིས་པ། བོད་དོོན་རྒྱབ་སྐྱོར་བ་ཚོ་ཡིན། ནམ་རྒྱུན་ཕྱི་རྒྱལ་སྦྱིན་བདག་ཚོར་ང་ཚོས་སྒྲུང་འདྲ་མིན་འཆད་ཀྱིན་ཡོད་པ་རེད། བོད་ནང་བོད་རང་གི་སྐད་ཡིག་སྦྱོང་བའི་མཐུན་རྐྱེན་མེད་རབས་དང་བོད་སྐད་ཡིག་གི་གནས་སྟངས་ཉག་ཕྲ་བོ་ཡིན་པ། ད་དུང་ང་ཚོ་འདིར་བོད་རང་གི་ཆོས་དང་རིག་གཞུང་སྐད་ཡིག་སོགས་རྒྱུན་འཛིན་བྱེད་པར་ཡོང་བ་ཡིན་རབས་སོགས་མང་པོ་ཞིག་བགྲང་བཞིན་ཡོད། ཕྱི་རྒྱལ་གྱི་རོགས་སྐྱོར་ཁག་གི་འོག་ནས་འཚར་ལོངས་བྱུང་བའི་ང་ཚོ་དོན་ངོ་མར་ཁ་ཏན་ཚིག་ལ་གནས་ཨེ་ཡོད་དམ།
གསུམ་པ། གཞིས་བཞུགས་བོད་མི་ཚོ་ཡིན། རྒྱ་ནག་དམར་གཞུང་གི་ཁྲིམས་དང་དྲག་ཤུགས་ག་ཚོད་བཙན་ནའང་། ཁོ་ཚོས་རང་ཉིད་ཀྱི་ཡོད་ཚད་བློས་བཏང་ནས་བོད་ཀྱི་སྐད་ཡིག་གི་སྲོག་ཤིང་བརྟན་པོ་བཟུང་ཡོད། མེས་དབོན་གོང་མ་ཚོའི་མགོ་འཕངས་མཐོན་པོ་ནམ་ཡང་གཞན་འོག་ཏུ་བརྫི་རུ་བཅུག་མེད། ཡིན་ནའང་། ང་ཚོ་བཙན་བྱོལ་བ་ཚོས་བོད་ཡིག་ཚད་ལྡན་ཞིག་བསླབ་རྒྱུ་ཕར་བཞག ཐ་ན་བོད་སྐད་གཙང་མ་ཞིག་བཤད་པར་ཡང་བོད་པ་ནང་ཁུལ་དུ་ཁ་རྡུང་དང་འཐབ་རྩོད་བྱེད་དགོས་པའི་ཚད་དུ་སླེབས་ཡོད། འདི་དག་ཚང་མ་ང་ཚོ་ཐུན་མོང་གི་ངོ་ཚ་མ་རེད་དམ། ཀློག་མཚམས་འདིར་ཐོན་དུས། ད་དུང་རང་ཉིད་གུ་ཡངས་དང་དེང་རབས་ཅན་པ་ཡིན་མདོག་བྱེད་མཁན་ཁ་ཤས་ཀྱིས། ངའི་བསམ་ཚུལ་ནི་སྒེར་གཅོད་དང་མཁྲེགས་འཛིན་རྗེས་ལུས་རེད་ཅེས་འཕྱ་སྨོད་བྱེད་སྲིད་ལ་དགག་བཞག་ཀྱང་བྱེད་སྲིད། འོན་ཀྱང་། སྐད་ཡིག་ཐོག་གི་གུ་ཡངས་དང་རྗེས་ལུས་ཀྱི་གོ་དོན་ག་འདྲ་ཞིག་ཡིན་མིན་ཁྱེད་ཚོས་ཉི་ཧོང་དང་། ཀོ་རི་ཡ། འཇར་མན། ཧྥ་རན་སི་སོགས་སྔོན་ཐོན་རྒྱལ་ཁབ་ཁག་གི་སྐད་ཡིག་སྲིད་ཇུས་སྐོར་ལ་རྒྱུས་ལན་རེ་བྱས་ན་གསལ་བོར་ཤེས་ངེས་ཡིན།
ངས་སེམས་གཏམ་དམར་རྗེན་འདི་ཁྱེད་ཚོར་ཕུལ་དགོས་པར་རྒྱུ་མཚན་ཁ་ཤས་ཡོད།
དང་པོ། ང་ནི་རླབས་ཆེན་གྱི་ ༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་སློབ་སྙིང་ལ་བཅངས་ནས་ལག་ལེན་དུ་འདེབས་མཁན་ཞིག་ཡིན། ཁོང་ཉིད་ཀྱིས་ ” གཞན་སྐད་ཤེས་པ་ང་རང་གི་གཟི་བརྗིད་ཡིན་ནའང་། གལ་ཏེ། མ་ཤེས་ནའང་མི་སྐྱོན། གལ་སྲིད། ངས་བོད་སྐད་དང་བོད་ཡིག་མ་ཤེས་ན་དེ་ངའི་ངོ་ཚ་རེད་ལ་ཞབས་འདྲེན་ཡང་རེད་ ” ཅེས་གསུངས་ཡོད། འདི་ནི་མི་ལོ་བཅུ་བཞི་ལྷག་ལ་བོད་མི་རིགས་ཀྱི་ཆེད་བཙོན་དུ་བཞུགས་པའི་སྐྱེས་ཆེན་ཞིག་གི་ཁ་ཆེམས་རེད། དེའི་ཕྱིར། ཁྱེད་ཀྱིས་བོད་སྐད་ཡིག་གི་ཕྱིར་དུ་ཡོད་ཚད་བློས་གཏོང་བྱེད་མི་ཐུབ་ནའང་རང་ཉིད་ཀྱིས་རང་སྐྱ་འཕེར་བ་ཙམ་སྦྱོང་མི་ཐུབ་དོན་ཅི་རེད། གཉིས་པ། བོད་ནང་གི་སློབ་ཆུང་དང་སློབ་འབྲིང་། མཐོ་སློབ་ཁག་གི་བོད་རིགས་སློབ་མ་དང་དགེ་རྒན་སྙིང་སྟོབས་ཅན་ཚོའི་ཆེད་དུ་ཡིན། མི་ལོ་མང་བོར་བོད་ཀྱི་ས་ཁུལ་གང་ས་ནས་སློབ་མ་ཚོའི་ལག་ཏུ་འཕྲེད་དར་འཕྱར་ཏེ་སྐད་ཡིག་གི་བདག་དབང་ཕྱིར་སྤྲོད་དང་། བོད་ཡིག་བཀོལ་སྤྱོད་ཀྱི་རང་དབང་དང་འདྲ་མཉམ་དགོས་ཞེས་མེ་མདའི་ཁ་ནས་རང་ཉིད་ཀྱི་ཚེ་སྲོག་གཏའ་མར་བཞག་ནས་དཀའ་ལས་བརྒྱབ་ཡོད། ཁྱེད་ཚོས་ཀྱང་མཐོང་ལོས་ཡོད། སློབ་མ་རྒན་གཞོན་མང་པོ་ཁྲིམས་ལ་སྦྱར། བཙོན་ལ་བཅུགས། རང་ཤི་རྒྱག་དགོས་བྱུང་། དགེ་རྒན་གང་མང་རྒྱང་ཕུད་བཏང་བ་སོགས་བྱས་ནའང་། ད་ལྟ། ད་དུང་ཁོ་ཚོས་བློས་གཏོང་བྱེད་ཀྱི་མེད་པ་ནི་མ་ཡིན་མོད། གསུམ་པ། བོད་ཡུལ་མདོ་དབུས་ཁམས་གསུམ་ནས་འབར་བའི་མེ་ལྕེ་རེ་རེའི་ཁྲོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་འབོད་སྒྲ་རེ་རེའི་ཆེད་དུ་ཡིན། རང་ལུས་མེར་བསྲེགས་གཏོང་མཁན་མང་པོ་ཞིག་གིས་ཁ་ཆེམས་ནང་དུ་བོད་པས་བོད་ཡིག་སྦྱོངས། བོད་སྐད་གཙང་མ་ཤོད་སོགས་ཀྱི་འབོད་ཚིག་བཀོད་ནས་རེ་རེ་བཞིན་ཕེབས་སོང་། གནད་དོན་འདི་འདྲའི་མང་བོ་ཞིག་གི་འོག་ཏུ། ང་ཚོས་ད་དུང་ཅིའི་ཕྱིར་མ་ཤེས་ཁུལ་དང་མ་གོ་ཁུལ། ཡང་ན་སོ་སོའི་ཅིག་ཅིག་ཡིན་མདོག་བསྟན་ནས་སྐད་ཡིག་ལ་མི་སྒེར་ཁ་ཤས་ལ་དམིགས་བསལ་དགོས་ཞེས་བཤད་བཞིན་ཡོད་པ་རེད། བོད་ཀྱི་ངོ་ཚབ་མཚོན་མཁན་ཡིན་ཟེར་མཁན་ཞིག་གིས་མིང་རྟགས་ཐོག་མར་བླངས་ནས་རང་གི་ངོ་བོ་མཚོན་པའི་སྐད་ཡིག་དེ་རྗེས་སུ་ག་ལེར་སྦྱངས་ཚོག་ན། སློབ་གྲྭ་ཆེན་མོ་ཞིག་གི་མཐར་ཕྱིན་ལགས་རྟགས་སྔོན་ལ་བླངས་ནས་སློབ་སྦྱོང་རྗེས་ནས་བྱེད་རྒྱུ་ཡིན་ཟེར་བ་དང་གཅིག་པ་མ་ཡིན་ནམ། གནས་བབ་དེ་འདྲ་ཁས་ལེན་མཁན་གྱི་སྒྲིག་འཛུགས་ཤིག་དང་ལམ་དང་ལུགས་སྲོལ་ཞིག་འཛམ་གླིང་འདིར་ཡོད་དམ། གང་ལྟར། དམིགས་བསལ་དང་ཆག་ཡང་འདི་དག་གིས་ག་ལེར་བོད་སྐད་ཡིག་གི་ཚེ་སྲོག་རྩད་ནས་གཅོད་བཞིན་ཡོད་པས་འབྱུང་འགྱུར་བོད་ཕྱི་ལོགས་སུ་སྐྱེས་པའི་མི་རབས་གསར་བ་ཚོས་སྐད་སྒྱུར་མཁན་ཁྲིད་ནས་རང་གི་གཉེན་ཉེ་ལ་ཐུག་འཕྲད་དུ་བསྐྱོད་དགོས་པའི་དུས་ཚོད་ཅིག་ཀྱང་མི་ཤར་བའི་ངེས་པ་མེད། སྐབས་དེར། ལོ་རྒྱུས་ཀྱི་ནག་ཉེས་དེ་ནི་ད་ལྟ་དམིགས་བསལ་གྱི་ཁ་གཡང་སྒྲོག་མཁན་འདི་དག་གི་བྱས་རྗེས་ཡིན་པ་དེ་ཡང་མ་བརྗེད་ཨ།
བོད་ཡིག་ལ་ཐོབ་དང་གོ་ས་ཁེ་ཕན་བཅས་ཀྱི་གོ་སྐབས་མེད་པསོ།