༼ཕྱི་གླིང་གི་སྒྲུང་།༽
གནའ་སྔ་མོ་དབྱར་དུས་ཤིག། ཡུལ་ཞིག་ལ་འབུ་ཆ་ག་པ་ཞིག་ཤིང་ལྡོང་ཞིག་གི་འོག གཞས་བཏང་ཞབས་བྲོ་ཁྲབ། དུས་ཚོད་སྐྱིད་པོ་བསྐྱལ་ནས་བསྡད་ཡོད། ཁོས་འབུ་གྲོག་མ་མང་པོ་ཞིག་བྲེལ་བས་ངང་ཡར་ཡར་དང་མར་མར་ལ་ཕྱིན་ནས་ཁ་ལག་གསོག་སྒྲུབ་བྱེད་བཞིན་པར་མཐོང་། ཁོས་རང་གི་ངོ་ཤེས་འབུ་གྲོག་མ་ཞིག་ལ་དཀའ་ལས་དེ་འདྲ་རྒྱབ་དགོས་མ་རེད། སྐྱིད་པོ་བྱེད་ནས་སྡོད། ལབ་པས་འབུ་གྲོག་མས། སྐྱིད་པོ་བྱེད་ནས་སྡོད་ལོང་མིན་འདུག དགུན་ཁའི་ཆེད་ཁ་ལག་གསོག་སྒྲུབ་བྱེད་དགོས་ཡོད་ཟེར། ཁྱེད་རང་ཡང་དགུན་ཁའི་ཆེད་ཁ་ལག་གསོག་སྒྲུབ་བྱེད་ན་ཡག་པོ་ཡོད་རེད་ལབ་པས། འབུ་ཆ་ག་པས་དགུན་ཁ་ཟིན་པར་ཟླ་བ་མང་པོ་ཡོད་རེད་ཟེར་ཏེ་ཁ་ལ་མ་ཉན་པར་། ཉི་མ་རྟག་པར་གཞས་བཏང་ཞབས་བྲོ་ཁྲབ་ནས་བསྡད།
དེ་ནས་ཡང་དུས་ཚོད་གང་མཚམས་རྗེས་ཤིང་ལྡོང་གི་ལོ་མ་རྣམས་ཀྱི་ཁ་དོག་སེར་པོར་གྱུར་ཏེ་སྟོན་ཀ་ཤར། འབུ་གྲོག་མ་རྣམས་ཁ་ལག་གསོག་སྒྲུབ་བྱེད་པར་སྔར་ལས་བྲེལ་བ་ཆེ་རུ་གྱུར། འོན་ཀྱང་འབུ་ཆ་ག་པ་ནི་སྔར་བཞིན་སྐྱིད་པོ་བྱས་ཏེ་ཉི་མ་སྤྲོས་ནས་སྡོད་ཡོད། འབུ་ཆ་ག་པའི་གྲོགས་པོ་འབུ་གྲོག་མས། འབུ་ཆ་ག་པ་ལ། ད་ཁ་ལག་གསོག་སྒྲུབ་མ་བྱེད་ན་དགུན་ཁ་བསླེབ་ལ་ཉེ་བར་འདུག་བཅས་ཤ་ཚ་བའི་གཏམ་མང་པོ་སྨྲས་ཀྱང་འབུ་ཆ་ག་པས་སྣང་མེད་བཏང་སྟེ་སྔ་བཞིན་སྐྱིད་པོར་བྱེད་ནས་བསྡད་དོ།།
ཉིན་ཞིག་གི་ཞོགས་པ་འབུ་ཆ་ག་པ་མལ་ལས་ཡར་ལོང་སྐབས་དུས་རྒྱུན་དང་མི་འདྲ་བར་གནམ་གཤིས་ཤིན་ཏུ་གྲང་མོའི་ཚོར་བ་བྱུང་སྟེ། ག་ལེར་སྒེ་ཁུང་ཕྱེ་སྟེ་བལྟས་པས་ཤིང་ལྡོང་ཡོངས་རྫོགས་གངས་ཀྱིས་བསྟུམས། ས་གཞི་ཐམས་ཅད་ཁ་བས་ཁེངས་པ་མཐོང་མ་ཐག་འབུ་ཆ་ག་པ་ཧང་སངས་སྟེ། འོ་རྫི་ད་དགུང་ཁ་ཟིན་ཚར་བ་འདྲ་འདུག་ཟེར་སྡུག་སྐད་ཤོར། དེ་ནས་ཁོའི་ཕྱིར་སྔོ་ལྗང་གི་ལོ་འདབ་དང་མེ་ཏོག་གི་ཟས་འཚོལ་ཏུ་ཕྱིན་ཡང་ཟས་རྩ་བ་ནས་མ་རྙེད། མཐར་གྲོད་པ་ལྟོ་ཐག་ཆོད་ནས་སྔར་རང་གི་གྲོགས་པོ་དཀའ་ལས་ཤུགས་ཆེན་པོ་རྒྱབ་མཁན་གྱི་འབུ་གྲོག་མ་དེ་དྲན་ནས་ཁོའི་ཁང་པའི་སྒོ་རྡུང་སྟེ། ང་གྲོད་པ་ཞེ་དྲག་ལྟོ་ཡི་འདུག་བཅས་ངུ་ཤར་རྒྱབ་པས། འབུ་གྲོག་མ་དེ་སྙིང་རྗེ་ཞེ་དྲག་སྐྱེས་ནས་ཁང་པའི་སྒོ་ཕྱེ་ནས་འབུ་ཆ་ག་པ་ལ་བཟས་ཞིམ་པོ་ཞིམ་པོ་སྟེར་བ་དང་འབུ་ཆ་ག་པ་སྐྱིད་ཐག་ཆོད་ནས་ཁོས་འབུ་གྲོག་མ་ལ་ལོ་རྗེས་མ་ང་ད་ག་སེ་མ་བསྡད་པར་དགུན་ཁའི་ཆེད་ཁ་ལག་གསོག་སྒྲུབ་བྱེད་ཀྱི་ཡིན་ཞེས་དམ་བཅའ་བྱེད་པ་རེད།། །།
སྒྲུང་འདིའི་ནང་དོན་ནི་ག་དུས་ཡིན་ན་འགན་འཁྲི་ཡོད་པ་དང་དུས་རྒྱུན་ཏུ་མ་འོངས་བའི་ཆེད་གྲ་སྒྲིག་བྱེད་ནས་སྡོད་དགོས་པར་བསྟན།།
སྐྱ་རེངས་རྩོམ་སྒྲིག་པ་བྲིས།