༼ཕྱི་གླིང་གི་སྒྲུང་།༽
གནའ་སྔ་མོ་སྔ་མོ་ཚལ་ཞིང་ཞིག་གི་ནང་དུ་འབུ་དུང་དཀར་བུ་འཁྲིད་ཆེ་ཆུང་གཉིས་ཡོད། འབུ་དུང་དཀར་བུ་འཁྲིད་དེ་གཉིས་ནི་ལྷོད་ལྷོད་ངང་བསྡད་ཀྱི་ཡོད་པ་དང་། ཁོང་གཉིས་ཉི་མ་ཞེ་དྲག་རིང་པོ་ཡིན་པས་ཕར་ཚུར་ཞེ་དྲག་མི་འགྲོ་བར་གནས་ས་ཆ་གཅིག་རང་དུ་བསྡད་ཀྱི་ཡོད། འབུ་དུང་དཀར་བུ་འཁྲིད་གཞན་རྣམས་ས་གནས་གཞན་ཏུ་རིམ་པས་རིམ་པས་བསྐྱོད་ཕྱིན་པ་རེད། ཡིན་ན་ཡང་འབུ་དུང་དཀར་བུ་འཁྲིད་དེ་གཉིས་ནི་ད་དུང་མུ་མཐུད་ནས་ཚལ་ཞིང་དེ་ག་རང་གི་ནང་དུ་བསྡད་པ་རེད།
དེ་ལྟར་རྒྱུན་རིང་པོ་བསྡད་སྟབས་ཉིན་མ་ཞིག་བྱིའུ་ཆུང་ཆུང་ཞིག་ཕར་ནས་ཚུར་ཕུར་ཡོང་བྱས། དུང་དཀར་བུ་འཁྲིད་གཉིས་ལ། “ཝེ་ཁྱེད་རང་གཉིས་ད་དུང་ཚལ་ཞིང་འདི་ནང་བསྡད་ཡོད་པས། ས་གནས་གཞན་པ་ལ་འགྲོ་ན་ཞེ་དྲག་ཡག་པོ་ཡོད་རེད། ཁྱེད་རང་གཉིས་དེ་འདྲ་སེ་ཉོབ་ཏོ་དང་ལེ་ལོ་བྱས་མ་བསྡད་པར་ས་ཆ་གཞན་པ་ཞིག་ཏུ་འགྲོ་ན། ཁ་ལག་དང་ག་རེ་ཡིན་ནའང་ཡག་པ་རྙེད་ཀྱི་རེད་”ཅེས་ལབ་པ་རེད། དུང་དཀར་བུ་འཁྲིད་དེ་གཉིས་ཀྱིས། “ཐུགས་རྗེ་ཆེ་བྱིའུ་ལགས། ང་རང་གཉིས་ཀྱི་ཚལ་ཞིང་འདིར་ཁ་ལག་ནི་རྒྱགས་ཚད་འདུག ཡར་ཐོག་ལ་ཟ་ཡག་གྱིས་ཁེངས་བསྡད་བཞག འོག་མར་ལ་ཡང་ཟ་ཡག་གྱིས་ཁེངས་བསྡད་བཞག ད་ས་ཆ་གཞན་པ་ལ་འགྲོ་དགོས་རྩ་བ་ནས་མིན་འདུག འགྲོ་གི་མིན་”ཞེས་ལབ་པ་རེད། དེ་ནས་བྱིའུ་ཆུང་ཆུང་དེ་ཁོང་ཁྲོ་ཟ་དག་ཆོད་དེ། “དེ་འདྲ་ཡིན་ན་གཡུགས་ཞོགས། ཁྱེད་རང་གཉིས་མ་འགྲོ་ན་སྡུག་འགྱོང་རེད། ང་འགྲོ་གྱི་ཡིན་”ཞེས་འཕུར་ཕྱིན་པ་རེད།
བྱིའུ་ཆུང་ཆུང་དེ་འཕུར་པའི་རྗེས་སུ་འབུ་དུང་དཀར་བུ་འཁྲིད་ཆེ་བ་དེས་ཆུང་བ་དེ་ལ། “ཨ་ཁ་བྱིའུ་དེ་སྙིང་རྗེ། ཁོ་རང་ལ་ང་གཉིས་ནང་བཞིན་བསྡད་སའི་ཁང་པ་ནི་ཡོད་མ་རེད། ཆར་པ་ཤུགས་ཆེན་པོ་ཞིག་རྒྱག་པ་ཡིན་ན་རྐང་པ་དང་ཤོག་པ་ཚང་མ་རློན་པ་ཆགས་ཀྱི་རེད་པ།” ཞེས་ཟེར་ནས་བྱིའུའི་ཐོག་ལ་སེམས་འཁྲལ་བྱས། དུང་དཀར་བུ་འཁྲིད་ཆུང་བ་དེས་ཀྱང་། “དེ་ག་རང་། བྱིའུ་ཁོ་རང་ཕར་ཚུར་ག་ཚོད་འཕུར་ཐུབ་ནའང་སྙིང་རྗེ་ཡག་རེད། ཉིན་ལྟར་ཁ་ལག་མ་རག་པ་བྱས་ག་ས་ག་ལ་འཕུར་འགྲོ་དགོས་ཀྱི་འདུག་ག། ང་རང་གཉིས་ནི་ཚལ་ཞིང་འདི་ནང་ཁ་ལག་ག་ཚོད་ཟ་ཟ་རེད།” ཅེས་མུ་མཐུད་ནས་རང་གི་འབྱོར་པ་ལ་ཡི་རང་དང་། བྱིའུའི་སྡུག་བསྔལ་ལ་སྙིང་རྗེ་ལུགས་བཤད་ནས་བསྡད་པ་རེད།
དེ་ལྟར་རྒྱུན་རིང་པོ་སོང་བའི་རྗེས་སུ་འབུ་དུང་དཀར་བུ་འཁྲིད་གཉིས་པོ་དེར་རོགས་པ་མེད་ཙང་། ཉིན་ཞིག་ཁོ་རང་གཉིས་ཞེ་དྲག་གི་ཡུས་པོའི་ཚོར་བ་བྱུང་བ་རེད། ཡིན་ནའང་དེ་ནས་དུས་ཚོད་རིང་པོ་ཞེ་པོ་མ་སོང་བར་། ཉིན་ཞིག་ཁོ་གཉིས་ཀྱིས་འབུ་དུང་དཀར་བུ་འཁྲིད་ཆུང་ཆུང་ཡ་ང་བ་ཞིག་ཚལ་ཞིང་དེའི་ལོ་མ་ཞིག་གི་སྟེང་དུ་ངུ་བཞིན་པ་མཐོང་བ་རེད། མཐོང་མ་ཐག་ཏུ་སེམས་ལ་དུང་དཀར་བུ་འཁྲིད་གཞན་ཞིག་མཐོང་བའི་དགའ་ཚོར་ཆེན་པོ་སྐྱེས་ཏེ། ཚལ་ཞིང་གི་དུང་དཀར་བུ་འཁྲིད་གཉིས་པོ་དེས་དུང་དཀར་བུ་འཁྲིད་ཆུང་ཆུང་དེའི་འགྲམ་ལ་ཕྱིན་ནས། “འབུ་ཆུང་ཆུང་ལགས། ཁྱེད་རང་ངུ་ཡག་གང་ཡིན། ག་པར་འགྲོ་མཁན་ཡིན།” ཅེས་ལབ། འབུ་དུང་དཀར་བུ་ཁྲིད་ཆུང་ཆུང་དེས་དེ་ལྟར་གོ་བ་དང་། མིག་གཉིས་མཆིལ་མའི་ཁེངས་ནས། “་ཨོ་ངའི་པ་ལགས། ཨ་མ་ལགས། ཅོ་ཅོ། ཨ་ཅག་བཅས་ཚང་མ་ཉིན་མ་མང་པོའི་གོང་ནས་བརླགས་སོང། ངས་ད་བར་ཁོང་ཚོ་གང་སར་འཚོལ་ཀ་ཕྱིན་པ་ཡིན། ཁོང་ཚོ་རྩ་ནས་རྙེད་ཡག་མི་འདུག།” ཅེས་ལབ་པས། དུང་དཀར་བུ་འཁྲིད་གཉིས་པོ་དུང་དཀར་བུ་འཁྲིད་ཆུང་ཆུང་དེར་སྙིང་རྗེ་ཞེ་དྲག་བསྐྱེད་ནས། “འོ་དེ་འདྲ་ཡིན་ན་ཁྱེད་རང་ས་གནས་ག་ས་གང་དུ་ཁོང་ཚོ་འཚོལ་བར་འགྲོ་དགོས་མེད། ད་ནས་བཟུང་ང་གཉིས་ཀྱིས་ཁྱེད་རང་གི་པ་ལགས་དང་ཨ་མ་ལགས་ཀྱི་ཚབ་བྱེད་ཆོག།” ཅེས་བརྗོད་ནས་ཚལ་ཞིང་གི་དུང་དཀར་བུ་འཁྲིད་གཉིས་པོ་དེས་དུང་དཀར་བུ་འཁྲིད་ཆུང་ཆུང་དེ་བུ་ཚབ་ཏུ་ཉར་བ་རེད། དེ་ཉིན་ལྟར་དུང་དཀར་བུ་འཁྲིད་ཆེ་བ་དེ་གཉིས་ཀྱིས་དུང་དཀར་བུ་འཁྲིད་ཆུང་བ་དེ་ལ་ཚལ་ཞིང་ནང་གི་ཚལ་ཞིམ་རེ་ཞིམ་ཚད་དང་། དེ་བཞིན་མེ་ཏོག་སྣ་ཚོགས་ཀྱི་ལོ་མ། དེ་ག་ནང་བཞིན་ལོ་འདབ་ཡག་ནི་ཡག་ཚད་སྤྲད་བྱས། དུང་དཀར་བུ་འཁྲིད་ཆུང་ཆུང་དེ་རིམ་པས་ལྟས་ཟོ་དོད་པོའི་དུང་དཀར་བུ་འཁྲིད་གཞོན་ནུ་ཞིག་ཏུ་འགྱུར་བར་བྱས་པ་རེད།
དེ་ནས་ཡང་དུས་ཡུན་གང་འཚམས་སོང་རྗེས་དུང་དཀར་བུ་འཁྲིད་གཞོན་ནུ་དེར་མནའ་མ་བསུ་ཡག་གི་དུས་ཚོད་ཟིན་པ་རེད། དེ་ནས་ཉིན་ལྟར་དུང་དཀར་བུ་འཁྲིད་གཉིས་པོས་མནའ་མ་བསུ་རྒྱུ་བསམ་བློ་བཏང་ནས་བསྡད། ཉིན་མ་ཞིག་འབུ་བླ་མ་མ་ཎི་ཞིག་ཆུ་ཕར་ཕྱོགས་ནས་ཚལ་ཞིང་ཡོད་སར་འཕུར་ཡོང་བ་ཚལ་གྱི་ལོ་མ་ཞིག་གི་སྟེང་མལ་གསོ་རྒྱབ་པ་རེད། དེ་དུས་དུང་དཀར་བུ་ཁྲིད་གཉིས་པོས་གོ་སྐབས་དམ་འཛིན་བྱས་ནས་བླ་མ་མ་ཎི་ལ་ཁོ་གཉིས་ཀྱི་བུ་ལ་མནའ་མ་ཞིག་འཚོལ་རོགས་ཟེ་རེ་བ་བཏོན་པ་རེད། འབུ་བླ་མ་མ་ནིས། “ཨོ་ཁྱེད་རང་གི་བུ་ལ་མནའ་མ་དགོས་ན་ཆུ་ཕར་ཕྱོགས་ན་གྲོག་མའི་རྒྱལ་མོ་ཞིག་ཡོད། མོ་ལ་ཁང་པ་ཆེན་པོོ་ཞིག་ཡོད་པས་མ་ཚད། ཁང་པ་དེ་ལ་ཁང་མིག་བདུན་བརྒྱ་ལྷག་ཙམ་ཡོད། བྱས་ཙང་མོ་རང་ཚུར་མནའ་མ་ཡོང་མདོག་ཁ་པོ་མ་རེད། ཡིན་ནའང་ཁྱེད་རང་གི་བུ་ཕར་གྲོག་མའི་རྒྱལ་མོའི་མག་པ་ལ་འགྲོ་ན་ཏག་ཏག་བྱེད་ཀྱི་རེད།” ཅེས་ལབ་པ་རེད། དུང་དཀར་བུ་ཁྲིད་གཉིས་པོ་ཞེད་ཐག་ཆོད་དེ། “ག་བ་ག་བ་དེ་འདྲ་རྩ་བ་ནས་ཡོང་གི་མ་རེད། དེ་འདྲ་བྱས་པ་ཡིན་ན་གྲོག་མའི་ཚང་གི་གྲོག་དམག་དེ་ཚོས་ངའི་བུ་ཟ་འགྲོ་གི་རེད། དེ་འདྲ་རྩ་བ་ནས་ཡོོང་གི་མ་རེད་”ཅེས་མོས་མཐུན་མ་བྱས་པ་རེད།
དེ་ནས་དུས་ཡུན་རིང་པོ་མ་སོང་བར་ཉིན་ཞིག་འབུ་སྲིན་བུ་མེ་འཁྱེར་ཞིག་ཚལ་ཞིང་དེར་ཡོང་བ་རེད། འབུ་སྲིན་བུ་མེ་འཁྱེར་དེས་དུང་དཀར་བུ་འཁྲིད་གཉིས་ལ་བརྗོད་དོན་ལ། “ངས་གོ་ཐོས་ལ་ཁྱེད་གཉིས་ཀྱི་བུ་ལ་མནའ་མ་ཞིག་འཚོལ་གྱི་ཡོད་ཟེར་གྱི་འདུག དེ་འདྲ་ཡིན་ན་ཁྱེད་རང་གི་བུ་ལ་མཚམས་པའི་མནའ་མ་ཡག་པོ་ཞིག་མ་གི་ཆུའི་ཁའི་ལྡུམ་བུའི་ཚལ་དེ་ན་འདུག།” ཅེས་བརྗོད་པ་རེད། སྐད་ཆ་དེར་དུང་དཀར་བུ་འཁྲིད་གཉིས་པོ་ཡིད་དབང་འཕྲོག་སྟེ། “གང་འདྲ་ཞིག་འདུག་གསལ་པོ་གསུང་རོགས།” ཅེས་སྐད་ཆ་ཞིབ་ཏུ་དྲིས་པས། འབུ་སྲིན་པོ་མེ་འཁྱེར་གྱིས། “ལྡུམ་བུའི་ཚལ་དེ་ན་བུ་མོ་དུང་དཀར་བུ་འཁྲིད་ཡིད་དུ་འོང་བ། སེམས་པ་བཟང་བ། ཁང་པ་ཡག་པ་ཅན་ཞིག་འདུག།” ལབ་པས། དུང་དཀར་བུ་འཁྲིད་གཉིས་པོ་དགའ་ཐག་ཆོད་ནས་འབུ་སྲིན་པོ་མེ་འཁྱེར་གྱི་ལམ་སྟོན་བཞིན། རང་གི་བུ་ཚབ་དུང་དཀར་བུ་འཁྲིད་གཞོན་ནུ་དེར་ཆུ་འགྲམ་གྱི་བུ་མོ་དུང་དཀར་བུ་འཁྲིད་དེ་གནའ་མར་བསུས་པ་རེད། དེ་རྗེས་ཁོང་ཚོ་འབུ་དུང་དཀར་བུ་འཁྲིད་ནང་མི་ཚང་མ་ཚལ་ཞིང་ལྷན་འཛོམས་ཐོག་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པ་བྱུང་བ་རེད།། །།