༼ཕྱི་གླིང་གི་སྒྲུང་།༽
གནའ་སྔ་མོ་སྔ་མོ་ལུང་པ་ཞིག་ལ་རྒྱལ་པོ་ཞིག་ཡོད། རྒྱལ་པོ་དེས་ཉིན་ལྟར་དུག་ལོག་ཐེངས་མ་བཅུ་གཉིས་བརྗེ་བོ་རྒྱག་གི་ཡོད་པ་དང་། དུས་རྒྱུན་དུ་རང་གི་འཁོར་གཡོག་ཚོ་ལ་དུག་ལོག་ངོམ་སོ་རྒྱབ་ནས། “ང་རང་འཛམ་གླིང་ནང་གི་དུག་ལོག་ཡག་ཤོས་གྱོན་མཁན་མི་དེ་ཡིན།” ཞེས་ལབ་གྱི་ཡོད། ཐེངས་ཞིག་ཚེམ་པོ་གཉིས་ཀྱིས་རྒྱལ་པོ་ལ་བསླབ་བྱ་ཞིག་སྤྲོད་རྒྱུའི་བསམ་བློ་འཁོར་བ་རེད། ཚེམ་པོ་གཅིག་གིས་བརྗོད་དོན། “ང་ཚོས་རྒྱལ་པོ་ང་རྒྱལ་ཅན་དེ་ལ་བསླབ་བྱ་ཡག་པོ་ཞིག་ངེས་པར་དུ་སྤྲོད་དགོས། ཁོས་རང་ཉིད་ཀྱི་དུག་ལོག་མ་གཏོགས་ང་ཚོ་མི་དམངས་སྐྱོ་པོ་ཚོར་སེམས་ཁུར་རྩ་བ་ནས་བྱེད་ཀྱི་མིན་འདུག།” “དེ་ག་རང་རེད། ང་རང་ཚོས་རྒྱལ་པོ་ཁོར་སྣ་བསྲུན་ཡག་ཞིག་སྤྲོད་དགོས།” ཞེས་ཚིམ་པོ་གཞན་དེས་མོས་མཐུན་བྱས།
དེ་ནས་ཚེམ་པོ་གཉིས་པོ་རྒྱལ་ཁང་དུ་རྒྱལ་པོ་མཇལ་སར་ཕྱིན། “ཀྱེ་རྒྱལ་པོ་རིན་པོ་ཆེ། དེ་རིང་ང་ཚོས་འདིར་རས་སྤྱིར་བཏང་བ་དང་མི་འདྲ་བའི་རྩ་ཆེན་ནོར་བུའི་རིགས་ཤིག་འཁྱེར་ཡོད། ནོར་བུ་འདི་ནི་གསེར་དངུལ་སོགས་མ་ཡིན་པར་དམིགས་བསལ་གྱི་རས་ཆ་ཞིག་ཡིན། ནོར་བུ་དེར་ཁྱད་ཆོས་དམིགས་བསལ་གཅིག་ཡོད་པ་ནི། རས་ཆ་འདིས་བཟོས་པའི་དུག་ལོག་ནི་གོན་པ་གཞན་ལྟར་མི་ཚང་མས་མཐོང་ཐུབ་པ་དང་གྱོན་ཐུག་པ་དེ་འདྲ་མ་རེད། རས་ཆ་འདིས་བཟོས་པའི་དུག་ལོག་ནི་་རྒྱུན་དུ་རྫུན་མ་བཤད་མཁན་གྱི་མི་དང་གཞན་ལ་སེམས་པ་གནག་པོ་བྱེད་མཁན་གྱི་མིས་རྩ་བ་ནས་མཐོང་ཐུབ་ཀྱི་མེད་ལ། མི་སེམས་པ་གཙང་མ་ཞིག་གིས་དུག་ལོག་་དེར་བལྟས་ན་མི་དེའི་མིག་ལ་ཆེས་མཛེས་པ་དང་ཡིད་དབང་བདེ་བརླག་ཏུ་འཕྲོག་པ་ཞིག་ཡིན།” ཅེས་བརྗོད། རྒྱལ་པོས་ཚེམ་བུ་བ་གཉིས་ཀྱི་སྐད་ཆ་དེ་གོ་མ་ཐག་ཧ་ཅང་ཡ་མཚན་སྐྱེས་ཏེ། “ཨ་ལས་དངོས་གནས་དེ་འདྲའི་རས་ཆ་ཞིག་ཡོད་རེད་པས། གལ་ཏེ་རས་ཆ་དེ་འདྲ་ཞིག་ཡོད་ན་ང་ལ་རས་ཆ་དེའི་དུག་ལོག་ཞིག་བཟོས་དགོས། དེ་འདྲ་འབྱུང་ན་ཨ་ནི་རྒྱལ་པོ་གཞན་ལས་ཁྱད་པར་འཕགས་པ་ཡོང་གི་རེད་པ།” ཅེས་བརྗོད་ཀྱིན་རྒྱལ་པོ་ཁོ་རང་འདོད་རྔམས་ཞེ་དྲག་ཆེན་པོ་སྐྱེས་པ་རེད།
དེ་ནས་ཚེམ་པོ་གཉིས་ཀྱིས་རས་ཁུག་ཞིག་ཁ་ཕྱེས་ནས་དེའི་ནང་ནས་མར་རས་ཆ་ཤིག་སྟོན་ཁུལ་བྱས་པ་རེད། རྒྱལ་པོ་དང་རྒྱལ་པོའི་འཁོར་གཡོག་གཡས་གཡོན་ལ་ཡོད་པ་ཚོས་རས་ཆ་རྩ་བ་ཉིད་ནས་མཐོང་ཡོད་མ་རེད། ཡིན་ན་ཡང་སུ་གཅིག་གིས་ངས་མཐོང་ཐུབ་ཀྱིས་མིན་འདུག་ཅེས་བརྗོད་མ་ཐུབ། གང་ཡིན་ཟེར་ན་རས་ཆ་དེ་རྫུན་མ་བཤད་མཁན་དང་། མི་སེམས་པ་གནག་པོ་ཡོད་མཁན་ཚོས་མཐོང་ཐུབ་ཀྱིས་མ་རེད་ཅེས་ཚིམ་པོ་གཉིས་ཀྱིས་སྔོན་ནས་ལབ་པ་དེས་རེད། དེས་ན་རྒྱལ་པོ་དང་རྒྱལ་པོའི་འཁོར་གཡོག་ཚོས་གང་ཡང་བརྗོད་མི་བཤད་པར་ཕར་ལྟ་ཚུར་ལྟ་བྱེད་བཞིན་པའི་སྐབས། ལམ་སང་ཚེམ་པོ་གཅིག་གིས་སྤོབས་པ་མཐོ་པོས་ངང། “འོ་ཡ་ད་ཁྱེད་རང་ཚོ་ཧང་སངས་སོང་ངམ། རས་འདི་སྙིང་རྗེ་པོ་གང་འདྲ་མིན་འདུག་གམ། དེ་ལ་ཁྱེད་ཚོའི་བསྔགས་བརྗོད་བྱེད་རྒྱུ་མིན་ནམ།” ཅེས་དྲིས་པས། དེ་མ་ཐག་རྒྱལ་པོའི་འཁོར་གཡོག་གི་ནང་ནས་མི་སྤྲེལ་ལད་ཚ་བ་ཞིག་གིས། “འོ་རྫི་ལ། འདི་དེ་འདྲའི་སྙིང་རྗེ་བ་ལ། རས་ཆ་འདི་འདྲ་རྩ་བ་ཉིད་ནས་མཐོང་མ་མྱོང་།” ཅེས་བརྗོད་མ་ཐག་འཁོར་གཡོག་གཞན་ཚོས་ཀྱང་། “འོ་རྫི་དཔེ་ལ་དཔེ་ལ། དེ་འདྲའི་མཛེས་པ་ལ།” ཅེས་ཡིད་རངས་ཀྱི་བསྔགས་བརྗོད་ཞུས་པ་རེད། རྒྱལ་པོའི་འཁོར་ཚང་མས་དེ་ལྟར་བརྗོད་དུས་རྒྱལ་པོ་ཡང་ཤིན་ཏུ་དགའ་པོ་བྱུང་སྟེ། ཚེམ་པོ་གཉིས་ལ་དངུལ་ཡག་ཐག་ཆོད་སྤྲད་དེ། རྒྱལ་པོས་ཁོ་གཉིས་ལ་རས་ཆ་དེའི་དུག་ལོག་ཡག་པོ་ཞིག་མྱུར་དུ་འཚེམ་རྒྱུའི་བཀའ་བཏང་པ་རེད།
ཉིན་ཤས་རིང་ཚེམ་པོ་གཉིས་ཀྱང་དུག་ལོག་ཚེམ་གྱི་ཡོད་མདོག་མདོག་བྱས་ཏེ་བྲེལ་བའི་ངང་བསྡད་པ་རེད། གང་མཚམས་ནས་རྒྱལ་པོར་སེམས་ཁྲེལ་ཆེན་པོ་བྱུང་སྟེ་ཆེད་མངགས་རྒྱལ་པོའི་འཁོར་གཡོག་ཞིག་ཚེམ་པོ་གཉིས་ཀྱི་སར་དུག་ལོག་ག་ཚད་བཙེམས་ཚར་འདུག་ལྟ་བར་བཏང་བ་རེད། རྒྱལ་པོའི་འཁོར་གཡོག་དེ་ཚེམ་པོ་གཉིས་སར་ཕྱིན་ནས་ཞིབ་ཅིང་ཕྲ་བ་བལྟས་ན་ཡང་རས་གོས་རྩ་བ་ནས་མཐོང་ཐུབ་ཀྱི་ཡོད་མ་རེད། ཡིན་ན་ཡང་ཁོ་རང་གིས་རྒྱལ་པོ་ལ་ངས་རས་གོས་མཐོང་མ་སོང་ཞེས་བརྗོད་མ་ཐུབ་པར་དེའི་ཚབ་ལ་ཡ། རྒྱལ་པོའི་མདུན་དུ་བཅར་ནས་དུག་ལོག་གང་མཚམས་བསྒྲུབས་ཚར་འདུག ཞེ་དྲག་ཡག་པོ་ཡོང་གི་འདུག་ཅེས་རྫུན་ཞུས་པ་རེད།
ཉི་མ་ཁ་ཤས་སོང་བའི་རྗེས་ཚེམ་པོ་གཉིས་ཀྱིས་རྒྱལ་པོའི་མདུན་དུ་བཅར་ནས་རྒྱལ་པོ་ལ་ཡ་དུག་ལོག་འདིར་ཡོད་ཅེས་འཕུལ་བ་རེད། “རྒྱལ་པོ་རིན་པོ་ཆེ། ཉིད་ཀྱིས་མངགས་པའི་ནོར་བུའི་རས་ཀྱིས་བཟོས་པའི་ན་བཟའ་འདིར་ཡོད།” རྒྱལ་པོས་ཀྱང་དུག་ལོག་མཐོང་གི་མེད་ན་ཡང་མཐོང་གི་མིན་འདུག་ཅེས་བརྗོད་མ་ཐུབ་པར་དུག་ལོག་ཡར་ལེན་ཁུལ་བྱས་པ་རེད། དེའི་མ་ཚད་དུག་ལོག་གི་བཟོ་བལྟ་ལ་བསྟོད་བསྔགས་ཡང་བྱས། དེ་ནས་ཡང་རྒྱལ་པོའི་བླུན་པོ་འཁྲབ་མཁས་པ་ཞིག་གིས། “འོ་རྫི་རྒྱལ་པོ་རིན་པོ་ཆེ། ཏག་ཏག་རེད། ད་ལན་རྒྱལ་པོ་རིན་པོ་ཆེས་དུག་ལོག་གསར་པ་འདི་མཆོད་བྱས་ང་ཚོའི་མི་དམངས་ལ་ན་བཟའི་ཁྲོམ་སྐོར་ཞིག་བྱས་ན་མི་དམངས་ཚང་མ་རྒྱལ་པོའི་གཟི་བརྗིད་ལ་ཧ་ལས་འགྲོ་གི་རེད” ཅེས་ལབ་པ་དང་དཔོན་གཡོག་གཞན་ཚོས་ཀྱང་ད་ག་རང་ཡག་པོ་འདུག་ལབ་སྟེ་རྒྱབ་སྐྱོར་བྱས།
དེ་ནས་རྒྱལ་པོས་ལམ་སང་མི་དམངས་ལ་དྲིལ་བསྒྲགས་འདི་ལྟར་བཏང་། “དབང་ཐང་ཆེ་བའི་ཡུལ་འདིའི་རྒྱལ་པོ་ཆེན་པོས་མི་དམངས་ལ་ཐུགས་བརྩེས་གཟིགས་སྟེ། རིན་ཆེན་ནོར་བུའི་རིགས་ལས་བཟོས་པའི་གཟི་བརྗིད་འོད་སྟོང་འབར་བའི་རྒྱལ་པོའི་ན་བཟའ་གསར་པ། ས་སྟེང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མཇལ་ཁ་གཏོང་རྒྱུ་ཡིན་པས། མི་དམངས་ཚང་མས་ཁྲོམ་གཞུང་དུ་དུས་ཐོག་ངེས་པར་དུ་དགའ་བསུའི་ངང་འཛོམས་དགོས།” དེ་མ་ཐག་མི་དམངས་ཚོས་ཀྱང་རྒྱུན་ལྡན་ལྟར་མི་འདོད་བཞིན་དུ་དགའ་བསུའི་རྣམ་པས་རྒྱལ་པོའི་དུག་ལོག་གསར་པ་དེར་ལྟད་མོ་བལྟ་ག་ཡོང་བ་རེད། མི་དམངས་ཚོས་རྒྱལ་པོ་མཐོང་མ་ཐག་ཧང་ནག་པོ་སངས་བ་རེད། ཡིན་ན་ཡང་སྐད་ཆ་ག་ཡང་ཤོད་ཐུབ་ཡོད་མ་རེད། སྐབས་དེར་བུ་མོ་ཆུང་ཆུང་ཞིག་གིས་ཁར་ཐུག་མཛུ་གུ་གཙུགས་བྱས། “ང་ཚོའི་རྒྱལ་པོ་དམར་ཧྲེང་རེད་ཤག ང་ཚོའི་རྒྱལ་པོ་དམར་ཧྲེང་རེདབཞག” ཅེས་ལབ་པ་རེད། དེ་ནས་བྱིས་པ་གཞན་ཚོས་ཀྱང་ད་ག་རང་ལབ་པས། དེ་མ་ཐག་རྒྱལ་པོ་ཁོ་རང་གིས་གཞི་ནས་དངོས་ཡོད་གནས་ཚུལ་གྱི་ངོས་འཛིན་ཐུབ་སྟེ་ངོ་ཚ་པོ་ཞེད་དྲག་བྱུང་། ཡིན་ན་ཡང་རྒྱལ་པོ་རང་ཉིད་ཀྱིས་མི་དམངས་ཀྱི་མདུན་དུ་ངོ་ཚ་མདོག་མ་བྱས་པར་ད་དུང་སྣང་མེད་ངང་སྤོབས་པའི་ངང་ཁྲོམ་སྐོར་ཕྱེད་ཙམ་ནས་བཞག་སྟེ། མགྱོགས་པོར་རྒྱལ་པོའི་ཕོ་བྲང་དུ་དུ་ལོག་ཕྱིན་པ་རེད། དེ་དུས་ཚིམ་པོ་གཉིས་ནི་གར་སོང་ཆ་མེད་དུ་བྲོས་ཟིན་པ་རེད།། །།