དྲི་བ། ང་ནི་ད་ལྟ་ལོ་༡༩ ཡིན། འོན་ཀྱང་ངའི་མིག་ཟ་འཕྲུག་རྒྱག་གི་འདུག་སྟབས་ཨེམ་ཆིས་སློབ་སྦྱོང་བྱེད་དུས་མིག་ཤེལ་རྒྱག་དགོས་པ་བརྗོད་བྱུང་། ངའི་མིག་གི་ཨང་གྲངས་SPH -0.5 དང་ CYL 0.75 རེད། ང་ནི་སློབ་ཕྲུག་ཤིག་ཡིན་པར་སོང་སློབ་སྦྱོང་མང་པོ་བྱ་དགོས་པས་གཏན་གཏན་ཇི་ལྟར་བྱེད་དགོས་སམ། ངའི་cyl ཨང་གྲངས་དེ་ཉེན་ཁ་ཅན་ཡིན་ནམ།ལན། ཁྱེད་ལ་ཆ་ཤས་ཙམ་གྱིས་ཐང་རིང་མི་མཐོང་བ་ཡོད་པ་ཙམ་ལ་གཞིག་ན་ཁྱེད་ཀྱིས་རྟག་ཏུ་མིག་ཤེལ་མ་གྱོན་ནའང་འགྲིགས། ཁྱེད་ཀྱིས་མིག་ཤེལ་མ་གྱོན་པར་དེབ་སོགས་ཀློག་དུས་མགོ་ན་བ་སོགས་ཡོད་ན་མིག་ཤེལ་གྱོན་དགོས། cyl ཨང་གྲངས་དེ་ཙམ་ཆེན་པོ་ཞེ་དྲག་མིན་པས་ཉེན་ཁ་ཆེ་བ་མེད། ངས་ཁྱེད་ལ་བརྗོད་རྒྱུ་གཅིག་པུ་དེ་ནི་འོད་སྣང་སྐྱོ་པོའི་འོག་སློབ་སྦྱོང་བྱ་རྒྱུ་མེད་པ་དང་། ལྷག་པར་དེབ་སོགས་ཀློག་དུས་གདོང་པའི་རྩར་ཁྱེར་ནས་ཀློག་རྒྱུ་མེད། དུས་ནས་དུས་སུ་ཆུ་གཙང་མས་མིག་བཀྲུ་དགོས། ལན་འདེབས་བྱེད་པོ། ཨེམ་ཆི་ཨར་ཇུན། ཀེ མིཥྲ གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
Category: རིགས་བཀར་མེད།
དབྱངས་ཨ་ཁོ་ན་ངེས་པའི་བྱ་དཀའ་བའི་སྙན་ངག
ད་ནི་ལོ་ན་མཐོན་པོར་སླེབས་པའི་གཞོན་དུས་སྙན་ངག་ལ་སྦྱངས་པའི་རྩལ་ཅི་འདྲ་སྙམ་ནས་རང་གིས་རང་ལ་ཚོད་བརྟག་སླད་འདི་སྐད་དུ། ཀ་ནས་ཡང་དག་བླ་མ་སངས་རྒྱས་ལ། །ཁ་བ་ལྟར་དཀར་ཟླ་བྲལ་ལྷག་བསམ་ངང། །ག་ཤལ་རྒྱན་ཆ་དར་སྣ་མང་བཤམས་ནས། །ང་རྒྱལ་རྒྱགས་བྲལ་དད་པས་ཕྱག་མང་འཚལ། ། ཅ་ལག་ཁྱད་རྫས་བསགས་ལ་མ་གཟན་པར། །ཆ་བྱད་རྣམ་དག་སྐྲ་དང་སྨ་ར་བཞར། །ཇ་མདངས་དར་ལས་གཟན་དང་ཤམ་ཐབས་འཆང་། །ཉ་གང་ཟླ་རྒྱས་བསམ་པས་གཞན་ཕན་བརྩམས། །ཏ་ཐཱ་ག་ཏ་ཤཱཀྱས་གང་བསྟན་ལམ། །ཐ་དད་རྣམ་མང་ཉན་བསམ་སྦྱངས་པས་ན། །ད་ལྟ་རྒས་མཐར་ལྔ་ལམ་ལ་ཆས་ཀྱང་། །ན་ཚ་འཇམ་སྐབས་སྔར་བསླབས་ཡང་ཡང་ཤར། ། པཉྩ་གྲངས་ལྡན་སྒྲ་དང་ཚད་མ་རྣམས། །ཕ་མཐར་བརྒལ་བ་མཁས་པར་དཀའ་ན་ཡང་། །བ་ལང་རྩྭ་གཟན་འདྲ་བར་དམན་ལས་ལ། །མ་ཆགས་རྟག་བསླབས་སྐལ་བ་བཟང་སྙམ་ཤར། ། ཙཱནྡྲ་བ་དང་དབྱངས་ཅན་ཀ་ལཱ་པ། །ཚ་གྲང་ནད་བརྒྱ་བསལ་ཐབས་སྨན་དཔྱད་དང་། །ཛ་ཡས་ལྗགས་སྩལ་བཀའ་བསྟན་ཟབ་རྒྱས་གནད། །ཝལ་ཝལ་འཆར་སླད་ཚངས་སྲས་ལྷག་ལྷར་འབད། ། ཞྭ་ཁ་ངང་མདངས་རབ་གསལ་གྲལ་ལ་འཚངས། །ཟ་ཉལ་སྨྲ་ལ་ཨ་འཐས་གཏན་སྤངས་ནས། །འ་ཅག་བསྟན་དང་ཕ་མར་ཕན་མཛད་ལ། །ཡ་རབས་བྱ་བས་ནམ་ཡང་དལ་བས་དམན། ། ར་བས་མཐའ་བརྒྱན་གྲྭ་ཁང་ཉམས་དགའ་བར། །ལ་ལ་ཐ་ཤལ་ལས་ཀས་འདའ་བ་ཕངས། །ཤཱ་ས་ན་ལ་ལྷག་པར་དད་ལྡན་ན། །ས་བླར་འཕགས་སླད་བསྐལ་བར་འབད་ཀྱང་དགའ། ། ཧ་ཅང་བྱ་དཀར་གྲགས་ལྡན་སྙན་ངག་ལམ། །ཨ་རྐྱང་གདངས་སྙན་ཚངས་དབྱངས་དཔལ་ལ་འགྲན། །སྔོན་བྱོན་མཁས་པའི་མཛད་སྲོལ་ཇི་བཞིན་དུ། ། རིག་པའི་འདོད་འཇོའི་བློ་ལས་འདི་འཁྲུངས་སོ། ། ཞེས་བྱ་བ་ནི་ཤིན་ཏུ་བྱ་དཀའ་བའི་སྙན་ངག་ཀ་མད་སུམ་ཅུ་གོ་རིམ་མ་འཆོལ་བར་ཚིག་རྐང་རེའི་ཀླད་དུ་བཀོད་ཅིང་། གི་གུ་སོགས་དབྱངས་བཞི་སྤངས་པའི་དབྱངས་ཨ་གཅིག་པུར་ངེས་པའི་ཚིགས་བཅད་ཀྱི་སྙན་ངག་སྔོན་བྱོན་པཎྚི་ཏའི་མཛད་པ་ལ་རྗེས་སུ་སྨོན་པའི་བར་སྐབས་ཀྱི་ཚིགས་བཅད་དོ། ། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
དགེ་བའི་བཤེས་གཉེན་དྲན་གླུ།
བསྟན་འཛིན་དཔལ་མཆོག ༄། །ན་མོ་གུ་རུ། གནས་འདི་ནས་ཐག་རིང་བྱང་ཕྱོགས་ན།།རྗེ་ཐེག་མཆོག་དགེ་བའི་བཤེས་གཉེན་བཞུགས།།ཡུལ་དུ་མས་ཆོད་པས་མཇལ་དཀའ་ཡང་།།གསུང་ཟབ་མོ་ཡིད་ལ་ལྷང་ལྷང་འཁོར།། ༡ ང་མུན་ནག་གར་འགྲོ་གཏོལ་མེད་ལ།།དམ་ཆོས་ཀྱི་སྒྲོན་མེ་འདེགས་མཛད་ཀྱང་།།ཤེས་རབ་ཀྱི་མིག་ལྡོངས་དོན་གཉེར་ཆུང་།།མོས་ཡུལ་ཙམ་ལུས་པ་ཡིད་རེ་སྐྱོ།། ༢སྦྱོར་དངོས་རྗེས་ཚང་བའི་སྡིག་པ་མང་།།ཆོས་དཀར་པོ་ཆོས་བརྒྱད་འདྲེས་པ་འགའ།།མི་བདག་ལ་ཕྱི་མའི་ཤུལ་ལམ་ན།།རྟེན་བཟང་པོ་འཐོབ་པ་ཡོད་རེ་སྐན།། ༣ འཁོར་བ་ཞེས་ཚིག་གི་འཁོར་བ་ལ།།ཞེན་ལོག་དེ་ནམ་མཁའི་འཇའ་ཚོན་བཞིན།།ཐར་འདོད་ཀྱང་ངག་ལ་གོམས་པ་ཙམ།།དུས་གཏན་གྱི་འདུན་མའི་རྩ་བ་གང་།། ༤ རང་འདོད་ཀྱི་འཁྲི་བ་ཡེ་མ་ཆོད།།གཞན་དོན་དུ་སངས་རྒྱས་ཐོབ་སྨོན་པ།།ཚིག་སྤྱི་ཡི་གོ་བ་སྒྲ་སྤྱིར་ཤར།།དེས་སེམས་བསྐྱེད་ཆོག་ན་དཀའ་བ་ཅི།། ༥ དེ་ལྟར་ན་དྲིན་ཅན་དགེ་བའི་བཤེས།།ཐུགས་མགུ་བའི་ཉམས་རྟོགས་བདག་ལ་དབེན།།ཡིད་རྙོག་པ་མེད་པའི་དད་པ་སྐམ།།དེ་ཙམ་ཞིག་སེམས་ཀྱི་ཁང་བུར་བདའ།། ༦ རྗེ་བཤེས་གཉེན་དམ་པར་གསོལ་བ་འདེབས།།ཡིད་ཆོས་དང་འདྲེས་པར་བྱིན་གྱིས་རློབས།།ཆོས་ལམ་དུ་ལྷོངས་པར་བྱིན་གྱིས་རློབས།ལམ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས།། ༧ ཞེས་པ་ཡང ༢༠༡༠ / ༡༡ / ༡༤ ཉིན་་སློབ་བུ་ཤྲི་མིང་པས་་རང་གི་གནས་ཚད་བཤེས་གཉེན་མཆོག་ལ་ཞུས་ནས་གསོལ་བ་འདེབས་པ་ལགས།། །། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
སྲིད་ཀྱི་བློ་གྲོས་སྒོ་མོ་སུ་ཡིས་ཕྱེ།
དགེ་རིག་ནས། གངས་ཅན་རྒྱུད་ལ་འཁྲུངས་བའི་མི་ཡི་གཟུགས།།བྱིས་པའི་དུས་ནས་ཚེ་ཡི་ཐ་མའི་བར།།གངས་ཅན་སྐྱིད་ལ་འཇོག་པའི་སེམས་པ་འདིས།།འཛམ་གླིང་ཡོངས་སུ་ཉམ་ཆུང་འཛུམ་གྱིས་བསྐོར།། སྤྱན་ཕྱག་སྟོང་གི་ཟློས་གར་མི་ཡི་གཟུགས།།བྱིས་པའི་སེམས་པ་རྩེད་འཇོ་རོལ་དགོས་ཀྱང་།།ས་དབང་དབང་རྩོད་འཁྲུགས་པའི་རྦ་རླབས་ཀྱིས།།བྱིས་པའི་བློ་ལ་ཤེས་རབ་རབ་ཏུ་རྒྱས།།སྲིན་པོ་དམར་པོའི་སྡེར་མོ་མ་མཐོང་བར།།ར་སྟག་འཁྲུགས་པའི་དམག་གི་གཡུལ་ས་ཡི།།རང་རྒྱལ་གཞན་ཕམ་སྦྲུལ་ཐག་གཅོད་པ་ལ།།བཅུ་དྲུག་ལང་ཚོའི་སྙིང་སྟོབས་རབ་ཏུ་རྒྱས།། མ་ཡི་མངལ་ནས་ས་དབང་ཆེན་པོ་ཚོས།།ཐོབ་དང་ནོར་ལ་རྔམས་པའི་སེམས་པ་འདིས།།རང་ཡུལ་དངུལ་དུ་བརྗེ་ལ་ཉེ་བའི་ཚེ།།དགུ་ཟུང་ལང་ཚོའི་གྲོས་མོའི་བློ་གྲོས་རྒྱས།། སྲིན་པོ་གཡོ་ཅན་གྲོས་ཀྱི་གོང་བུ་ལ།།མི་འདོད་བཙན་གྱིས་བདེན་ཁ་སྦྱིན་ན་ཡང་།།གཡོ་སྒྱུ་ནོར་གྱིས་ནང་བློན་བསླུས་བའི་ཚེ།།སེམས་ཀྱི་གསང་བ་ཁོག་ཏུ་སྦས་ལ་འདུད།། བཅུ་ཟུང་ལྔ་ཡི་ལང་ཚོ་དར་བའི་དུས།།གངས་ཀྱི་ཉི་མ་ལྷོ་ལ་བཞུད་པའི་ཚེ།།ཟླ་བ་གཅིག་བུ་ལུས་བའི་སྐྱོ་གདུང་གིས།།སྙིང་གི་ཞལ་ཆེམས་ཟླ་བ་བསྐུར་ལ་འདུད།། འཕགས་པའི་ཡུལ་ན་སྟོན་པའི་བསྟན་པ་ཡང་།།ལ་ཁའི་རྩེ་ན་ནུབ་ལ་ཉེ་བའི་ཚེ།།གངས་ཀྱི་ཉི་མས་སྲོག་དབང་སྦྱིན་པ་ཡིས།།སྟོན་པའི་རྒྱལ་ཚབ་བྱེད་ལ་སྙིང་ནས་འདུད།། མི་འདོད་བཙན་གྱིས་རང་ཡུལ་བསྐྱུར་ན་ཡང་།།ས་དབང་རྣམས་ཀྱིས་མི་འདོད་སྲིད་ཀྱི་གྲོས།།དམངས་ཀྱི་མོས་པ་གཙོ་བོ་འཛིན་པ་ཡི།།སྙིང་སྟོབས་རབ་ཏུ་རྒྱས་ལ་གུས་བའི་འདུད།། སྟོད་སྨད་དམངས་འགའི་སེམས་པ་ཅང་ཅེ་ལ།།འཁོར་ནས་བློ་སྙིང་བྲང་གསུམ་གཏོད་པའི་ཚེ།།ཆོལ་གསུམ་གཅིག་གྱུར་སྒྲིལ་བའི་གོང་བུ་ཞིག།ཐབས་ཀྱིས་སྟོན་མཁས་དེ་ལ་སྙིང་ནས་འདུད།། སྲིད་ཀྱི་བློ་གྲོས་པད་མའི་ཆུན་པོ་ལ།།རྟག་མཐའ་སྤོང་བའི་འདབ་མ་སྟོང་བཞད་དེ།།དབུ་མའི་དྲི་བསུང་ཟེའུ་འབྲུ་ལེགས་འཁྲུངས་བས།།གངས་ཅན་རྐང་དྲུག་ཚོགས་སུ་སྦྱིན་ལ་འདུད། ཤུགས་ལྡན་རྒྱ་འདྲེས་འཕངས་བའི་སྒྱོགས་རྡོ་ལ།།ཚུལ་གསུམ་ཚད་མའི་རྟགས་ཀྱིས་ལྷ་འདྲེ་ཡི།།དབྱེ་བ་རྩ་མཆོག་ཀུ་ཤུའི་རྩེ་མོ་བཞིན།།འབྱེད་མཁས་ཤེས་རབ་མཆོག་གྱུར་ཁྱེད་ལ་འདུད།། སྙིང་རྗེ་དྲོད་ཀྱིས་བསྐྱངས་བའི་སྨྱུག་གུའི་ཚོགས།།ཅུང་ཟད་ལྗང་ལོ་རྒྱས་ཚེ་ང་རྒྱལ་གྱིས།།ཉི་མའི་འོད་ལ་སྤྲིན་ནག་གཡོགས་ན་ཡང་།།བཅོས་མིན་སྙིང་རྗེ་གཟིགས་ལ་སྙིང་ནས་འདུད།། གངས་ཅན་ལྗོངས་ནས་གྲགས་པ་མ་རྒྱས་ཀྱང་།།འཕགས་པའི་ཡུལ་ནས་གངས་ཀྱི་ཉི་མ་ལ།།གྲགས་པའི་དོན་དུ་ཚིགས་གསར་མདའ་འཕངས་ཡང་།།ཤེས་རབ་རྒྱས་བའི་བདེན་ཁ་སྦྱིན་ལ་འདུད།། ཆད་མཐའ་སྤོང་བའི་རབ་དཀར་ཆུ་འཛིན་གྱི།།དབུ་མའི་ཞོ་གསར་སྤུངས་བའི་གོང་བུ་ཡང་།།མངར་སྐྱུར་གང་ཡིན་མ་ཤེས་སྙིང་ཁམས་ཚོར།།སྐྱོ་སྣང་མེད་པར་ཡང་ཡང་སྦྱིན་ལ་འདུད།། ཟས་གཙང་སྲས་ཀྱི་གདུལ་བྱར་མ་གྱུར་བའི།།མངོན་གྱུར་རྟགས་ལས་ལྐོག་གྱུར་མི་འདོད་ཡང་།།རྟེན་འབྱུང་རིག་པའི་ལམ་གྱིས་འགུགས་བྱེད་པའི།།རིག་པའི་ཀློང་ཆེན་བརྡོལ་ལ་སྙིང་ནས་འདུད།། དོན་གཉེར་དམངས་ཀྱི་བློ་གྲོས་ཕྱེ་བའི་ཚེ།།དུས་རབས་བཞི་ཡི་སྲིད་ཀྱི་བང་མཛོད་འདི།།ཁམས་དང་མོས་པ་བསྟུན་སྟེ་སྦྱིན་མཁས་བའི།།ཆོས་སྲིད་ཟུང་གི་དབང་པོ་སྙིང་ནས་འདུད།། སྙིང་རྗེ་པད་དཀར་འདབ་མ་སྟོང་ལྡན་ཅན།།སྲིད་ཀྱི་འགན་དབང་དམངས་ལ་གནང་ན་ཡང་།།གངས་ཅན་སྐྱེ་འགྲོ་སྡུག་ལས་གྲོལ་བའི་ཐབས།།གསུང་གི་བདུད་རྩིའི་ཆར་བ་ཡང་ཡང་སྩོལ།། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
མཐུན་པ་སྤུན་བཞི།
སྔོན་དྲང་སྲོང་ལྷུང་བ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་ཞིག་ན། རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ཞིག་ཡོད། ལྗོངས་དེའི་ཤར་ལྷོའི་མཚམས་ན་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་བའི་ཚང་ཚིང་། མེ་ཏོག་སྣ་ཚོགས་སྡུག་གུར་བཞད་པའི་སུལ་ན། རྩྭའི་སྤྱིལ་བུ་ཟླུམ་པོ་གདུགས་ལྟ་བུ་ཞིག་ཡོད། དེ་ན་རྣམ་པ་ཀུན་ཏུ་ལེགས་ཉེས་ལ་རྟོག་པའི་དྲང་སྲོང་ཞིག་གནས། ལྗོངས་དེའི་དབུས་ན་ཤིང་ནྱ་ཀྲོངྷའི་ལྗོན་པ་ཚད་དུ་རྫོགས་པ་ཞིག་ཡོད། ལྗོན་ཤིང་དེའི་འདབ་མའི་གྲིབ་བསིལ་ལ་གནས་འཆའ་བའི་གླང་ཆེན་དང་། སྤྲེའུ། རི་བོང་། བྱ་སྲེག་པ་བཅས་སྲོག་ཆགས་བཞི་ཡོད་དོ། ། དེ་དག་ཕན་ཚུན་གཅིག་ལ་གཅིག་བྱམས་ཤིང་མཛའ་བརྩེ་ནི་ཟབ། གནོད་སེམས་ཀྱི་དྲི་མ་ནི་རིང་དུ་སྤངས། བདེ་སྐྱིད་ཀྱི་དཔལ་དང་ནི་ལྡན། སོས་དལ་བག་ཕེབས་སུ་གནས་པ་ལ། དུས་ནམ་ཞིག་ན། ཕན་ཚུན་གླེང་མོལ་བྱས་པ་འདི་ལྟ་སྟེ། འུ་ཅག་རྣམས་རིགས་ཐ་དད་ཅིང་སོ་སོ་ཡིན་པ་ལ། ཕན་ཚུན་མཛའ་བརྩེའི་ལྷག་སེམས་འོ་ཆུ་གཅིག་འདྲེས་ལྟ་བུར་ཡོད་ཀྱང་། འདི་ཙམ་གྱིས་ལེགས་པའི་ཆ་ཡོངས་སུ་རྫོགས་པ་མ་ཡིན་གྱི། གཅིག་གིས་གཅིག་ལ་བཀུར་གཟོ་བྱེད་རྒྱུའི་སྲོལ་ཀ་ཡང་ངེས་པར་གལ་ཆེ་བ་ཡིན་ནོ། །ཞེས་བགྲོས་ནས་སྐྱེ་ལོ་སྔ་ཕྱིའི་རྒན་རིམ་གྱི་ཚད་ལ་ཀུན་ཏུ་རྟོག་པར་བྱེད་དོ། ། དེ་ལ་སྔོན་སྐྱེས་རྗེས་སྐྱེས་ཀྱི་ཚད་འཇལ་བའི་ཐབས་ལ་ཤིང་ནྱ་ཀྲོངྷའི་ལྗོན་པ་ཆེན་པོ་ཞིག་ཡོད་པ་དེའི་ཚད་ལྟར་རྟོག་རྒྱུ་གྲོས་འཆམས་སོ། ། དེ་ནས་གླང་ཆེན་གྱིས་བཤད་རྒྱུར། ཤིང་འདིའི་འདབ་མ་གསར་བའི་དུས། ངས་མཐོང་ཚེ། ཤིང་འདི་ངའི་ལུས་ཚད་དང་མཉམ་མོ། ཞེས་ཟེར། སྤྲེའུས་བཤད་རྒྱུར། ངེད་ཀྱིས་ཐོག་མར་མཐོང་བའི་ཚེ་ན་ངའི་ལུས་དང་མཉམ་པ་ཙམ་དུ་འདུག་གོ་ཟེར། རི་བོང་གིས་བཤད་རྒྱུར། ངས་ཤེས་དུས་ཤིང་འདི་ཧ་ཅང་ཆུང་ཞིང་འདིའི་འབྲས་བུ་མངར་བོ་བདག་གིས་ཟོས་མྱོང་ཟེར། བྱ་སྲེག་པས་བཤད་རྒྱུར། ཤིང་འདིའི་རྩ་བ་ས་འོག་ན་ཡོད་དུས་ངས་ལྕི་བ་མང་པོ་བོར་བ་ལ་བརྟེན་ནས་སྐྱེས་སོ་ཟེར་བ་ལ། ཁོ་རྣམས་ཀྱིས་རྒན་གཞོན་རིམ་པ་ཁོང་དུ་ཆུད་པས། གཞོན་པས་རྒན་པ་ལ་སྲི་ཞུ་བྱེད་པ་དང་། རྒན་པས་གཞོན་པ་ལ་བྱམས་སྐྱོང་བྱེད་པར་ཐག་བཅད་དེ། གླང་པོ་ཆེས་སྤྲེའུ་ཁུར། སྤྲེའུས་རི་བོང་ཁུར། རི་བོང་གིས་བྱ་སྲེག་པ་ཁུར་ནས་ཕན་ཚུན་མཛའ་གཅུགས་གསེར་ཐག་དམ་པོས་སྦྲེལ་ནས་བྱ་སྲེག་པས་སྨྲས་པ། ངེད་ཅག་རྣམས་ལ་ཕན་ཚུན་བརྩི་བཀུར་གྱི་སྦྱོར་ལེགས་ཡོད་མོད་ཀྱང་། དེ་ཙམ་གྱིས་ཆོག་པ་མ་ཡིན། ད་དུང་ཞི་དུལ་བག་ཡོད་རྣམ་དག་གིས་བསླབ་ཁྲིམས་དགོས་ཞེས་བགྲོས་ནས་གདམས་པ་ལ། གཞན་གསུམ་གྱིས་འཐད་པོ་ཞུས་ཏེ་དེ་བཞིན་དུ་གནས་པར་གྱུར་ཏོ། དེ་ལ་བརྟེན་ནས་ལྗོན་པ་དེའི་བྱ་རི་དྭགས་ཐམས་ཅད་ཀྱང་ཕན་ཚུན་འཚེ་བའི་དུག་སྦྱོར་ཡེ་ནས་མི་བྱེད་པར། དུང་སེམས་འོ་ཆུ་འདྲེས་ཀྱི་ངང་ནས་དགའ་བདེའི་དཔལ་དམ་པ་ལ་རོལ་བས་དུས་འཁྱོལ་བར་མཛད་དོ། ། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།