གཡས་འཁྱོག་དང་གཡོན་འཁྱོག་གང་ཡང་མེད་པའི་མི་ཞིག་ནི་ལར་ནས་བརྙེད་པར་ཐབས་རྡུགས་པ་རེད།རྒྱུ་མཚན་ནི་ངེད་སོ་སོའི་སྐྱེ་བོ་ཞིག་ལ་མཚོན་ན་ཆགས་སོགས་ཉོན་མོངས་དག་གཞོམ་བྱར་བལྟ་ཡང་བཅོམ་པའི་འབྲས་བུ་ལར་ནས་མེད་མཁན་དག་ཡིན་པས་སོ།།དེའི་ཕྱིར་ངེད་ལ་ཉེ་རིང་ཆགས་སྡང་གི་ས་བོན་རྔམ་མཐུག་པོ་འདག་ཐབས་བྲལ་བ་ཞིག་རང་ཆས་སུ་ཡོད་པར་སུ་ཡིས་བསྙོན། མི་རབས་གསུམ་པ་དང་ཁོ་ཚོའི་འཛུམ་མདངས། ——————————————————————————– ལྷམ་ཀོག གཡས་འཁྱོག་དང་གཡོན་འཁྱོག་གང་ཡང་མེད་པའི་མི་ཞིག་ནི་ལར་ནས་བརྙེད་པར་ཐབས་རྡུགས་པ་རེད།རྒྱུ་མཚན་ནི་ངེད་སོ་སོའི་སྐྱེ་བོ་ཞིག་ལ་མཚོན་ན་ཆགས་སོགས་ཉོན་མོངས་དག་གཞོམ་བྱར་བལྟ་ཡང་བཅོམ་པའི་འབྲས་བུ་ལར་ནས་མེད་མཁན་དག་ཡིན་པས་སོ།།དེའི་ཕྱིར་ངེད་ལ་ཉེ་རིང་ཆགས་སྡང་གི་ས་བོན་རྔམ་མཐུག་པོ་འདག་ཐབས་བྲལ་བ་ཞིག་རང་ཆས་སུ་ཡོད་པར་སུ་ཡིས་བསྙོན། འོན་ཀྱང་ལྟོས་འཇོག་གིས་བཤད་ན་རིགས་པའི་རྗེས་སུ་འབྲང་བར་ཨུ་ཚུགས་རྒྱག་མཁན་ཞིག་ལ་མཚོན་ན་ནི་རང་ཉིད་གཟུ་བོར་གནས་པ་ཞིག་ཡིན་ཞེས་ཤོད་སྲིད་པ་ལྟར།ངེད་ཀྱིས་ཀྱང་གཟུ་བོར་གནས་པའི་སྣང་ཚུལ་འགའ་གླེང་བར་བྱ།ཡིན་རུང་ཁྱེད་ཅག་གི་རྣ་བ་ཅོར་ས་དེ་མི་རབས་གསུམ་པའི་བར་གྱི་མི་མཐུན་སའི་རྩོད་གླེང་དེ་ཡིན་པས།ངེད་ཀྱིས་མི་མཐུན་ས་དེ་གླེང་རྒྱུ་ཡིན་སྙམ་སྐྱེ་ངེས་མོད།ངེད་ཀྱིས་མི་རབས་གསུམ་པའི་བར་གྱི་མི་མཐུན་ས་མང་པོ་ཞིག་མཐོང་མ་བྱུང་བའི་ཁར་རྩོམ་པ་པོ་སུ་ཡིན་རུང་སོ་དཀར་དཀར་དང་བློ་དམར་དམར་གྱིས་སྙན་ངག་གླེང་བ་དེ་མཐོང་བྱུང་ཡོད།ད་དུང་དེ་ལས་གཞན་ཁོ་ཚོའི་ཚོགས་མི་རེ་འགའ་ཕྱིར་བུད་པའི་གསལ་བསྒྲགས་སྤེལ་བར་རྐྱེན་བཅོས་ཏེ།དྲ་ཚིགས་རེ་འགའི་རྩོམ་ཡིག་དང་ཞབས་མཆན་དག་གིས་མི་རབས་གསུམ་པའི་གྲོགས་པོ་དག་གི་ངོ་གདོང་དང་མི་རབས་གསུམ་པའི་རྩོམ་སྟེགས་སུ་ཚིག་ཧྲུལ་འདོམས་སུ་འཇལ་ནས་འོང་བ་སྟེ།བོད་དང་སོག་པོ།རེབ་གོང་དང་རྨ་ཆུ།རེ་ཚོགས་དང་སྐྱབས་ཚོགས།རོང་བ་དང་འབྲོག་པ།ད་དུང་དེ་ལས་ཚད་བརྒལ་གྱི་སྐད་ཆ་ཐོ་རེ་ལོང་མང་དུ་འདུག་མོད་ཞེ་ལ་མ་ཟིན།འདི་ལྟའི་སྐད་ཆའི་ཕག་ཏུ་མཁས་མང་སྤྱོད་པའི་དགེ་རྒན་ཡོད་སྲིད་ལ།འདུལ་བའི་དམ་བཅའ་སྙིང་ལ་བརྐོས་པའི་བཙུན་པ་ཡོད་སྲིད།ད་དུང་ལྕང་ལོ་སྤྲུག་ཙམ་བྱེད་པའི་སྔགས་པ་ཡང་ཡོད་སྲིད་པའི་ཁར།དམིགས་འབེན་གང་ཡང་མེད་པར་གློག་ཀླད་ཀྱི་མཐེབ་གཞོངས་ཟད་རག་བར་དུ་ངན་སྨོས་ཀྱི་ལས་ལ་བྱང་བའི་དྲ་འབུ་ཁོ་ན་ཡང་ཡོད་སྲིད་མོད།དེ་རེ་རེ་ནི་སུས་ཀྱང་ཤེས་འདོད་མེད་ལ་ཨེ་ཕུས་གང་ཡིན་རྩར་གཅོད་བགྱིད་པའི་ངལ་བ་སྤུ་སུ་མ་དེ་ཡང་འཚོལ་འདོད་ག་ལ་ཡོད། རེད་ནི་རེད་མོད།ཁོ་བོར་སེམས་ཚེགས་ཤིག་ཞོར་ནས་འོང་བ་ནི།མི་རབས་གསུམ་པའི་ཕྱོགས་ལ་རྩོམ་སྤེལ་མཁན་ཡིན་ཡང་རུང་།དེ་ལས་གཞན་བཀྲ་བྷ་དགག་པ་དང་དེ་ལ་དགག་ལེན་སྤྲོད་མཁན།ནག་ཚང་ནུས་བློར་དགག་པ་དང་དེ་ལ་དགག་ལེན་སྤྲོད་་མཁན་སོགས་གང་ཡིན་རུང་།རིག་གནས་ཀྱི་ཟབ་ཚད་ཅིག་ཏུ་སོང་བའི་གཏམ་དང་།མི་རིགས་ཀྱི་སྤྱི་བའི་ཆིག་སྒྲིལ་འགན་བླངས་པའི་དམིགས་ཡུལ་སོགས་རང་ལས་ཅུང་ཁྱབ་ཆེ་བའི་ལྟ་བ་ལངས་ཕྱོགས་ཅི་ཡང་མེད་པ་དང་།འདི་འདྲའི་སེམས་ཁམས་སྦུག་དོག་མོ་ཞིག་བྱས་ཏེ་འགན་འཁྲི་ཟེར་བ་དང་།དཀྱེལ་ཡངས་ཟེར་བ།མི་རིགས་ཟེར་བ་འདི་གླེང་བ་ནི་ཅུང་འོས་ཤིང་འཚམ་པ་ཞིག་ཏུ་མི་འདོད་པའི་ཁར།རྩོམ་འདིའི་རིགས་ནི་ཕལ་ཆེར་ལ་ཁའི་ལུག་རྫིས་གཞན་ལ་འཛིངས་མོ་བྱེད་ཚུལ་ཁོ་ན་ཞིག་ཏུ་སེམས་སོ།།དྲ་ངོས་འདིར་ཉིན་འགའི་རིང་ལ་དགག་རྩོམ་ཅུང་འོས་འཚམ་ཞིག་བརྙེད་པ་ནི་བོང་རྫིས་མི་རབས་གསར་བར་དགག་ཡིག་བྲིས་པ་དེ་དང་།སྤུན་གྲོལ་གྱི་དེ་ཡི་མིང་ཚིག་རེ་འགར་བསེད་བཀྲོལ་གྱི་བརྡ་ལན་སྤྲད་པ་གཉིས་སུ་འདོད་དེ།དགག་རྩོམ་དེ་གཉིས་ནི་ཟབ་ཚད་ཀྱི་ཆ་དང་བརྡར་ཤ་བཅད་པའི་གཏིང་ཚུགས་ཡོད་པའི་སྒོ་ནས་དེ་ལྟར་དུ་བཤད་པ་མིན་མོད།དེ་གཉིས་ལ་གང་ལྟར་རིགས་པ་གཏོང་ས་ཞིག་དང་།སྤྱི་བའི་འགན་འཁྲི་ཞིག་དང་དུ་བླངས་ཡོད་པའི་བསམ་ཚུལ་འདུག་གོ། དཀྱུས་ལ་བབས་ན་མི་རབས་གསུམ་པའི་ཕྱོགས་ཀྱི་སྐད་ཆ་སྟེ།མི་རབས་གསུམ་པ་ནི་སྙན་ངག་པའི་འདུ་ཚོགས་ཤིག་ཏུ་མིང་བཏགས་པ་ཙམ་དང་།སྙན་ངག་གི་ཁ་ཕྱོགས་དང་འབྲེལ་ནས་གསལ་བསྒྲགས་ཡོད་པ་ཙམ་ལས།སྤྱི་བའི་ཁྲིམས་དང་བསྒྲིགས་གཞི་མེད་ལ།གཞུང་ནོམ་དང་དེ་ལས་བཀྱེས་པའི་གོང་ཐང་འཕར་འབབ་ཀྱང་ཡོད་མི་སྲིད་པས།ཐོར་དང་མ་ཐོར་དང་།བསྟོར་དང་མ་བསྟོར་གྱི་སྐད་ཆ།ཕྱོགས་འཛིན་གྱི་ཁྱེར་སོ་དང་ལུང་བའི་རང་ལུགས་ཀྱི་སྐད་ཆ་དེ་ཨེ་ཡོད་དམ།ཁོ་ཚོའི་སྙན་ངག་གི་ཁ་ཕྱོགས་ནི་མི་རེ་ངོ་རེ་ཅན་སྔར་ནས་ཡིན་ལ།འབྲི་སྟངས་ཀྱི་ཐད་ནས་པར་རྐོང་གཅིག་ལས་བཀྱེས་པ་ལྟ་བུ་ཞིག་ཏུ་ཁོ་ཚོས་ཀྱང་ལབ་མི་སྲིད་པས།དེ་ལས་བཀྱེས་པར་འདོད་ན་ནི་རྩོམ་ཡིག་སྤེལ་མཁན་དང་དྲ་འབུར་སྐྱེས་མཁན་དག་འཁྲུལ་བར་གསལ་ལོ།།སྐུ་ཞབས་ལྗང་བུས་རེ་ཚོགས་དང་སྐྱབས་ཚོགས་ཟེར་བའི་མིང་ཞིག་བཏགས་འདུག་པ་གཞི་བྱས་ན།ཁོ་ཚོའི་ཚོགས་མི་དག་ནི་འགན་འཁྲི་དང་རིག་གནས་ཅི་ཡང་མེད་པར་རེ་རྐང་གླིང་དང་སྐྱབས་ཆེན་བདེ་གྲོལ་གཉིས་ཀྱི་རྗེས་སུ་སོ་སོར་འགྲོ་ཅི་ཐུབ་ལ་བརྩོན་པའི་ཅོལ་ཆུང་གི་རིགས་སུ་གཏོགས་པ་དག་ལོས་ཡིན་བསམ་པའི་ཞོར་ནས།གོ་བ་གཞན་ཞིག་བསྟེར་བ་ནི་རེབ་གོང་དང་རྨ་ཆུའི་ཕྱོགས་སུ་སོང་བའི་སྣང་བ་ཞིག་ཀྱང་བསྟེར་མོད།དེ་ནི་མི་རབས་གསུམ་པའི་ཚོགས་མི་གཞན་དག་ལ་བརྙས་པའི་ཟོལ་འདྲ་ཞིག་ལས་ཅི་ཡང་མིན་ཏེ།མི་རབས་གསུམ་པའི་ཚོགས་མི་དག་ནི་རིག་གནས་སྦྱངས་ཤིང་།གོ་བ་ལྡན་ལ་བསམ་བློ་ཚུགས་ཤིང་།ལག་ལེན་ཡོད་པའི་འབུམ་རམས་པ་དང་རམས་འབྱམས་པ།བསམ་བློ་བ་རྐྱང་རྐྱང་ལགས་པས།རང་གི་མི་རིགས་ཀྱི་ཆིག་སྒྲིལ་དང་སྟོབས་ཤུགས་ལ་བརྩི་བཀུར་བྱེད་མཁན་ཁོ་ནར་འདུག་ན།དེ་ལྟའི་ས་གནས་ཕྱོགས་རིས་པ་དང་གྲོགས་པོ་ཕྱོགས་རིས་པའི་གཞན་དབང་དུ་འགྲོ་ན་ནི་ཇི་འདྲའི་ཡིད་ཕམ་པ་ལ།འདི་ནི་གདོད་མའི་དུས་སུ་གྲུབ་མཐའི་ཆགས་སྡང་ཁོ་ན་གཙིགས་སུ་འཛིན་པའི་ལྟ་ཚུལ་ཞིག་གི་ངོས་ནས་གཞལ་བ་ལས།དེང་རབས་ཀྱི་རིག་པ་སྐྲ་རྩེ་ན་འགྱུ་བའི་ན་གཞོན་སྙན་ངག་གི་ཚོགས་འདིར་ལྟ་སྟངས་ཤིག་མ་ཡིན་ནོ།།དེས་ན་མི་རབས་གསུམ་པའི་ཚོགས་མི་དང་པོའི་གྲས་ཁྲི་སེམས་དཔས་མི་རབས་གསུམ་པ་ལས་བུད་པར་བསྒྲགས་གཏམ་སྤེལ་བ་ནས་མི་རབས་གསུམ་པར་ཞུགས་དང་བུད་ཟེར་བ་ཡོད་པ་ཙམ་ལས་གཞན།དོན་དམ་དུ་མི་རབས་གསུམ་པ་ནི་ལོ་རབས་བདུན་བཅུའི་སྨད་ཙམ་ལ་བོད་ཡུལ་འདིར་ལྟེ་ཁྲག་དམར་པོ་ས་ལ་ཐིགས་པའི་ན་གཞོན་རྩོམ་འབྲི་བ་སྤྱི་ལ་གོ་བ་ལས་འདི་ཡིན་དང་དེ་ཡིན་གྱི་སྐད་ཆ་མེད་རབས་ཁོ་བོས་དངོས་སུ་ཐོས་པ་ཡིན་ཡང་།སྐབས་ལྔ་བའི་ཚོགས་ཐོག་འདིར་ཚོགས་མི་རེ་འགས་ཀྱང་ཕྱིར་བུད་གསལ་བསྒྲགས་སྤེལ་མོད།རྩ་བའི་མི་རབས་གསུམ་པའི་ཚོགས་མི་དང་པོའི་བགྲོ་གླེང་དང་དམིགས་ཡུལ་གཞིར་བྱས་ན་མི་རབས་གསུམ་པ་ལས་འབུད་རྒྱུ་ཞིག་དང་མི་རབས་གསུམ་པར་ཞུགས་རྒྱུ་ཞིག་མེད་པར་གོ་ཞིང་།སྤྱིར་མི་རབས་གསུམ་པའི་གསལ་བསྒྲགས་སུ་ཡང་ཁྲིམས་འགལ་དང་ཁྲིམས་ཞུགས་སོགས་ཀྱི་རྩ་དོན་ཅི་ཡང་མི་འདུགཡིན་རུང་།མི་རབས་གསུམ་པའི་ཚོགས་གྲས་དང་པོའི་སྙན་ངག་པ་ཁྲི་སེམས་དཔའ་ནས་བཟུང་།ཕྱིར་འབུད་དང་ནང་ཞུགས་ཀྱི་བར་ཁྱད་བྱུང་ཞིང་།ཞོར་ནས་གསལ་བསྒྲགས་སྣ་ཚོགས་སྤེལ་བའི་བར་གླགས་སུ། དྲ་འབུ་དག་གིས་དགེ་མི་དགེ་བའི་སྐད་ཆ་ཧམ་བཤད་བྱས་ཏེ།དབྱིན་དཀྲུགས་ལ་འབུངས་མོད།མི་རབས་གསུམ་པ་དང་མི་རབས་གསུམ་པའི་གྲོགས་པོ་དག་ཅེས་པའི་ཐ་སྙད་གསར་བཟོས་མ་འདིའི་འོག་ཏུ་འདུ་བ་ཚོས།རང་ཚུགས་ཐུབ་པའི་སྙན་ངག་འབྲི་བ་དང་།རང་ས་ཟིན་པའི་རྐང་བ་སྤོས་ཏེ།བཙན་པོའི་ཞིང་སར་ནས་འབྲི་རྡོག་པོ་རེ་ཡི་ས་བོན་གདབ་རྒྱུར་བློ་རྩེ་གཅིག་ཏུ་འཁོར་ན།མི་རབས་གསུམ་པ་རྩོམ་སྟེགས་སུ་ཚུགས་པ་ལ་དོན་དམ་དུ་ཁེ་ལས་གྱོང་མེད་པར་འདོད་ཅིང་།བོད་པའི་རྩོམ་སྟེགས་སུ་སྔར་མེད་ཀྱི་ལབ་གླེང་གི་འགྲན་ཤུགས་དང་།དེ་ལ་བསྟུན་པའི་བསམ་བློའི་འབྲས་བུ་མི་དམན་པ་ཐོབ་ཡོད་པར་འདོད་དོ།།ད་ལྟ་ཁོ་བོས་བལྟས་ན་མི་རབས་གསུམ་པའི་གྲས་སུ་ཡོད་རུང་སྙན་ངག་འབྲི་བའི་འགན་འཁྲི་མ་བླངས་པ་ཡིན་ན་མི་རབས་གསུམ་པ་ལས་བུད་མ་བུད་ཀྱི་སྐད་ཆ་ཅི་ཡང་མེད་པར་མི་དེ་མི་རབས་གསུམ་པ་མ་ཡིན་པར་འདོད་ཅིང་།བོད་པའི་རྩོམ་སྟེགས་སུ་སྙན་ངག་གི་གཟི་མདངས་གསར་བ་སྔར་ན་མེད་པ་སུ་ཡིས་བསྐྲུན་ན་དེ་ནི་མི་རབས་གསུམ་པ་ལས་བུད་པར་བསྒྲགས་ཀྱང་།མི་རབས་གསུམ་པའི་རྩ་བའི་སྒུལ་ཤུགས་མི་དེའི་བླ་རུ་སིམ་ཡོད་པར་སྨྲ་ཕོད་པའོ།། འབོལ་རྩོམ་པ་ན་རེ། མིག་སྔར་བོད་འདི་འབོལ་རྩོམ་གྱིས་སད་དགོས་ཟེར། འབྱོར་ལྡན་པ་ན་རེ། མིག་སྔར་བོད་འདི་དཔལ་འབྱོར་གྱིས་སྐྱོང་དགོས་ཟེར། ཆོས་ལུགས་པ་ན་རེ། བོད་འདི་མིག་སྔར་ཆོས་ཀྱིས་སྐྱོབ་ཐུབ་ཟེར། གོང་གི་སྐད་ཆའི་རིགས་འདི་གསུམ་གཙོས་བསམ་ཚུལ་སྣ་མང་ཞིག་འདི་རུ་སྤུང་འོང་སྲིད་ཀྱང་།སྙན་ངག་པས་དེ་དག་འདོར་དགོས་དང་མི་མཁོ་གང་ཡང་མི་ཟེར་བར།དེ་དག་གིས་སྙན་ངག་གི་ཚབ་བྱེད་མི་ཐུབ་ཟེར་བ་འདྲ།དེའི་ཕྱིར་མི་རབས་གསུམ་པའི་སྙན་ངག་པ་དག་གིས་ཀྱང་སྙན་ངག་ལ་ཤུགས་འདོན་པ་དང་། གཅིག་ཏུ་བརྩོན་པ་འདྲ། ཟུར་ཞུ། ཁོ་བོ་ནི་མི་རབས་གསུམ་པར་དགའ་ཞེན་ཤིན་ཏུ་ཡོད་པའི་མི་ཟུར་བ་ཞིག་ཡིན་པ་ཙམ་ལས།ཐོར་ན་དགའ་བ་དང་མ་ཐོར་ན་མི་དགའ་བ་ཞིག་མིན་པའི་ཁར།མི་རབས་གསུམ་པ་ལས་བུད་མ་བུད་ཙམ་གྱིས་ཕྱོགས་ཡས་ཐེན་དང་མས་ཐེན་བྱེད་མཁན་གང་ཡང་མིན།མ་གཞི་ཁོ་བོ་ནི་མི་རབས་གསུམ་པ་ལས་བུད་མ་བུད་དག་གི་སྙན་ངག་ལ་དགའ་ཞིང་།སྤྱི་བའི་ཆིག་སྒྲིལ་ལ་དེ་ལས་ཀྱང་དགའ་མཁན་ཞིག་ལགས་ན།མི་རབས་གསུམ་པ་དང་དེའི་གྲོགས་པོ་དག་གིས་བསྟོད་དབུས་གཙང་ནས་དུང་བུས་ན།སྨད་མདོ་ཁམས་ནས་དཀྱུས་གཅིག་ཏུ་ཐོས་པའི་དོན་དེ་གོ་བར་ཤོག་ཅིག་གུ གཏགས་ནོར་དང་ཡིག་ནོར་གང་མང་ཞིག་ཡོད་པར་ཁོ་བོས་ཐག་གིས་བཅད་ཆོག་པས་ན་ཀློག་པ་པོ་དག་ལ་བཟོད་གསོལ་ཞུ་ཞུ། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
Author: སྤྱི་ཁྱབ་རྩོམ་སྒྲིག་པས།
སྤྲུལ་སྐུ་དག་ལ་གནང་བའི་སློབ་གཉེར་བསླབ་བྱ།
༄༅། །རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །དུས་མཐར་ཐུབ་བསྟན་རྒྱལ་མཚན་བསྒྲེང་བའི་ཕྱིར།། གསུམ་ལྡན་ངུར་སྨྲིག་འཆང་བའི་རྣམ་རོལ་པ། །ཡབ་རྗེ་འཇིགས་མེད་དབང་པོའི་ཞབས་ལ་འདུལ།། སྤྲུལ་སྐུ་དག་ལ་གནང་བའི་སློབ་གཉེར་བསླབ་བྱ། ——————————————————————————– དཀོན་མཆོག་བསྟན་པའི་སྒྲོན་མེ། ༄༅། །རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །དུས་མཐར་ཐུབ་བསྟན་རྒྱལ་མཚན་བསྒྲེང་བའི་ཕྱིར།། གསུམ་ལྡན་ངུར་སྨྲིག་འཆང་བའི་རྣམ་རོལ་པ། །ཡབ་རྗེ་འཇིགས་མེད་དབང་པོའི་ཞབས་ལ་འདུལ།། དམ་པའི་སྐྱེས་བུ་འགའ་ཞིག་མདོ་སྔགས་ཀྱི། །ལམ་བཟང་སྒྲུབ་ཚུལ་བསླབ་བྱ་དགོས་སོ་ཟེར།། གཞན་ལ་ཕན་པའི་བསླབ་བྱ་བྱེད་པ་པོ། །རང་ཉིད་བསམ་ཞིང་རང་ལ་ཡི་མུག་སྐྱེས།། འདི་ཕྱིའི་སྐྱབས་སུ་བླ་མ་བསྟེན་ན་ཡང་། །བདེན་ཁ་རང་གིས་བཟུང་བ་ཡིད་རེ་མུག ། དལ་འབྱོར་དོན་ཆེ་རྙེད་དཀའ་ཟེར་བཞིནདུ། །དོན་མེད་སྟོང་པར་གཟད་པ་ཡིད་རེ་མུག ། ནོར་རྐུན་མཐོང་ནས་ཤིན་ཏུ་ཟོན་བྱེད་ཀྱང་། །མི་རྐུན་གཤིན་རྗེའི་ཟོན་མེད་ཡིད་རེ་མུག ། ལྐོག་གྱུར་གནས་ལུགས་འཚོལ་བའི་ཁུལ་བྱེད་ཀྱང་། །མངོན་འགྱུར་འཆི་བ་མི་མཐོང་ཡིད་རེ་མུག ། ཉེས་སྤྱོད་ཆུ་བོ་ཐུར་དུ་རྒྱུག་བཞིན་དུ། །བདེ་འགྲོའི་རི་རྩེར་ཕྱིནའདོད་ཡིད་རེ་མུག ། བདེ་འགྲོར་མ་ཟད་བདེ་བ་ཅན་འདོད་ཀྱང་། །དམྱལ་བའི་གཏིང་རྡོ་བྱེད་བ་ཡིད་རེ་མུག ། སྐྱིད་སྡུག་འདམ་དབང་ཡོད་ཅིང་ཤེས་བཞིནདུ། །ཐར་མེད་བཙོན་རར་འཇུག་པ་ཡིད་རེ་མུག ། གཞན་ལ་འདི་ཕྱིའི་སྐྱབས་འཇུག་ཁས་ལེན་ཡང་། །རང་ཉིད་གར་འགྲོ་མེད་པ་ཡིད་རེ་མུག ། བསྟན་འཛིན་གོང་མའི་གྲལ་དུ་འཚང་ན་ཡང་། །བསྟན་པའི་སྒོ་རུ་མ་ཆུད་ཡིད་རེ་མུག ། སྡོམ་གསུམ་ནོར་བུའི་གཏེར་ཁ་ཕྱེ་བ་ལས། །ཉེས་ལྟུང་རྙོག་ཆུ་རྡོལ་བ་ཡིད་རེ་མུག ། གྲོལ་བ་ཐར་བ་དོན་གཉེར་ཟེར་བཞིན་དུ། །སྲེད་མཁོས་ཕྱི་ཕྱིར་འཆིང་བ་ཡིད་རེ་མུག ། ཐར་འདོད་སྐྱེས་བུ་ཡིན་པ་གཞིར་བཞག་ལ། །ཅི་བྱས་འཁོར་བའི་རྒྱུར་སོང་ཡིད་རེ་མུག ། མིག་རྩ་ཁོར་ལ་གཏད་དེ་ཆོག་ཤེས་ཀྱི། །གདམས་ངག་བྲོ་བའི་ཆོས་བཤད་ཡིད་རེ་མུག…
བོད་ཀྱི་སྐད་ཡིག་ཐད་ལ་གཞིགས་པའི་བསམ་ཚུལ་ཕྲན་བུ།
བོད་ཀྱི་རིག་གནས་དང་སྐད་ཡིག་གི་ཕྱོགས་ཀྱི་དར་རྒུད་ལ་ཐུགས་ཁུར་ཀྱི་སེམས་པ་ལྷོད་མྱོང་ལ་ཨ་ཐང་ཀྱང་ཆད་མྱོང་འང་།འབད་པ་ཡང་བྱས་མྱོང་བའི་བདག་གིས་འདིའི་ཐད་ལ་བསམ་གཞིགས་གཏོང་ཁུལ་ཞིག་བྱས་པ་ཁྱེད་ཅག་གི་རྣ་བའི་བུ་གར་སྒྲོན་ན་འདི་ལྟར།བོད་ཀྱི་རིག་གནས་དང་སྐད་ཡིག་གི་ཕྱོགས་ཀྱི་དར་རྒུད་ལ་ཐུགས་ཁུར་ཀྱི་སེམས་པ་ལྷོད་མྱོང་ལ་ཨ་ཐང་ཀྱང་ཆད་མྱོང་འང་།འབད་པ་ཡང་བྱས་མྱོང་བའི་བདག་གིས་འདིའི་ཐད་ལ་བསམ་གཞིགས་གཏོང་ཁུལ་ཞིག་བྱས་པ་ཁྱེད་ཅག་གི་རྣ་བའི་བུ་གར་སྒྲོན་ན་འདི་ལྟར།བདག་གིས་དེང་སྐབས་བོད་ཀྱི་རིག་གནས་དང་སྐད་ཡིག་ལ་ཞིབ་འཇུག་དང་རྒྱུས་ལོན་དེ་འདྲ་བྱས་མྱོང་མེད་མོད།མཐོང་ཐོས་ཀྱི་ཁྲོད་གསལ་འོང་བ་ནི་ད་སྐབས་བོད་ཀྱི་སྤྱི་ཚོགས་སུ་གདེང་འཇོག་དང་བག་ཆགས་ཟབ་མོ་འཇོག་མཁན་ནི་ཤེས་ཡོན་པ་དང་གླུ་བ་གླུ་མ་དེ་ཚོ་རེད་པས་བོད་སྐད་ཡིག་སོགས་ཀྱི་དར་རྒུད་ཀྱང་ཁོ་ཚོར་ཅུང་ཧ་ཅང་གི་རེག་ལས་ཀི་བསམ་ཐལ།རྒྱུ་མཚན་ནི་སེམས་པ་རང་རིགས་ལ་དུང་ཀ་དེ་འདྲ་མེད་པའི་གླུ་བ་གླུ་མ་སྐོར་ཞིག་གིས་བོད་སྐད་རྒྱ་སྐད་དབྱིན་སྐད་དང་བཅས་ཏེ་གླུ་ཚིགས་འདྲ་མ་འདྲེས་ལ་རོལ་དབྱངས་གོང་ཆེན་ཞིག་ཉོས་སྟེ་བརྙན་འཁོར་དུ་ཕབ་རྗེས།སྐབས་དེར་མི་རིགས་ཀྱི་འདུ་ཤེས་སེམས་ན་དབེན་པའི་བོད་པ་མང་མང་གི་ཚོགས་དེས་ཀྱང་དེང་རབས་གླུ་དབྱངས་ཟེར་ན་འདི་འདྲ་ཡིན་དགོས་ནི་ཀྱི་སྐད་ཆ་ལབ་བཞིན་ཤེས་མདོག་ཅིག་གིས་ལེན་མཁན་དེས་རྗེས་སུ་རང་ཚུགས་མེད་པར་སྙེགས་འགྲོ་ཀི་རེད།དེ་ནི་ཁོ་ཚོའི་བཞག་པའི་ཤན་ཤུགས་ཡིན་ལ།དེ་དུས་མི་རིགས་རང་ལ་འདུ་ཤེས་ཟབ་པའི་བོད་པ་འང་ཇེ་ཉུང་དུ་འགྲོ་སྲིད་སྙམ་ལ་།སྐབས་དེར་བོད་སྐད་ཀྱི་གླུ་སྐད་གསེབ་ནས་མི་རིགས་ཀྱི་འདུ་ཤེས་དང་ལ་རྒྱའི་འགན་འཁྲི་ཅན་གྱི་མི་བུ་ག་ཚོད་ཡོད་དམ།གཅིག་ཀྱང་མེད་དུས་མི་རིགས་གཞན་ཞིག་ནས་ཁྲིད་ཡོང་ནས་གླ་དགོས་པའི་དཔེ་སྲིད་དམ།དཔེར་ན་ཨ་མ་ལེ་ལྟ་བུ་ཞིག་གིས་བོད་ཀྱི་སྐད་ཡིག་འཛིན་དགོས་སམ།འདི་ནི་མི་རིགས་ཀྱི་ཡོད་ཚད་ལ་ལ་རྒྱའི་འགན་འཁྲི་མེད་པའི་གླུ་བ་གླུ་མ་དེ་ཚོས་བཟོས་པའི་ནག་ཉེས་རེད་བསམ་ཡོད།རྗེས་མ་ཁྱེད་ཚོས་བཅོས་བསྒྱུར་རེ་བྱེད་རྒྱུ་ཕ་སྐད་ལ་ཐུགས་འཁུར་མཛད་བཞིན་པ་རྣམས་པའི་ཚབ་ནས་རེ་བ་ཞུས་པ་ཡིན། འདིར་ཕ་སྐད་གཙང་མའི་ངོས་ནས་གླུ་གཞས་གཏོང་མཁན་དག་ལ་རྗེས་སུ་ཡི་རང་དང་སེམས་དང་རུས་རྐང་སྟེང་ནས་རྒྱབ་སྐྱོར་ཡོད།དེ་ཡང་རྡུང་ལེན་རྒྱ་སྐད་ཀྱིས་ལེན་མི་ཤེས་པ་ཀུན་གྱིས་ཤེས་གསལ་ལྟར་རེད།ལེན་ཤེས་རྒྱུ་ན་མིང་དུ་གྲགས་འདོད་པའི་བོད་པ་འགའ་རེས་ཡང་སྐད་རིགས་འདྲ་མ་འདྲེས་ཀྱིས་ལེན་ན་སྲིད་མོད་སྐད་ཆ་འདི་སྐབས་དང་མི་འབྲེལ་པས་གཡུགས་ཞོག རྗེས་སུ་ཡི་རང་བྱེད་འདོད་པ་དག་ནི་ཕ་སྐད་གཙང་མའི་ལམ་ནས་གླུ་དབྱངས་ལེན་མཁན་གངས་ཅན་པ་སྒྲོལ་མ་སྐྱབས་དང་རིག་འཛིན་སྒྲོལ་མ་སོགས་ལ་བཤད་པ་ཡིན། ཡང་དེ་ནས་ཤེས་ཡོན་པ་ཚོས་སྦྲགས་སྐད་བཤད་པ་ནི་ངོ་མ་སྙིང་ལ་གཟན་པ་ཞིག་རེད།ལྷག་པར་དུ་མཚན་སྙན་གྲགས་ཅན་གྱི་ཤེས་ཡོན་པ་ཞིག་ཡིན་ཚེ་ཁོ་བོའི་མིང་དེ་ངོས་འཛིན་བྱེད་ཞོར་ཁོང་ཚང་གིས་ཀྱང་སྦྲགས་སྐད་བཤད་བཞིན་གདའ་ང་ཚོས་བཤད་ན་སྐྱོན་ནི་མ་རེད་ཟེར་དང་འདོད་མཁན་གྱི་བོད་པ་གླེན་རྒན་འགའ་རེ་མཆིས་པས་མཁས་རྒན་ཁྱོད་ཚོས་ཀྱང་འདིའི་ཕྱོགས་སུ་མནོ་སེམས་རེ་བཏང་ན་བསམ་པའི་བྲིས་པ་ཡིན།ད་ལྟ་ང་ཚོས་བོད་སྐད་ཡིག་ཉམས་དམས་སུ་འགྲོ་བཞིན་པ་འདི་མཐུན་སྒྲིལ་གྱི་སྒོས་མྱུར་དུ་མྱུར་སྐྱོབ་བྱེད་ན་སྐྱོབ་དུས་རེད་སེམས་ཡོད། དེ་མ་གཏོགས་སྲིད་གཞུང་གིས་བོད་པའི་སྐད་ཡིག་དང་རིག་གནས་ཀྱི་རྫོང་གང་སར་འཐུག་ན་དེ་གར་ཁང་བརྩེགས་ཀྱི་འཛུག་བསྐྲུན་གྱི་འཚང་ཁ་རྒོད་པའི་དགོངས་དོན་ང་ཚོས་རྟོགས་སམ། མང་རའི་རབ་ཆུང་། ༢༠༡༡.༠༦.ཚེས་༢༩ལ། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
གདོན་འདྲེའི་ཚིག་མཛོད།༼ཚན་བཤུས༽
མཁའ་དབུགས། འདི་ཉིད་གཏོང་ཕོད་ཅན་གྱི་དཀོན་མཆོག་གིས་དབུལ་བོ་དག་ལ་ཕུལ་བའི་འཚོ་བཅུད་ཆེས་བཟང་བོ་སྟེ། འདི་ལ་བརྟེན་ནས་ཁོ་ཚོ་ཡང་ཤ་རྒྱགས་པའི་མི་ཞིག་ཏུ་གྲུབ་ཐུབ་ཀྱིན་ཡོད། མཁའ་དབུགས། འདི་ཉིད་གཏོང་ཕོད་ཅན་གྱི་དཀོན་མཆོག་གིས་དབུལ་བོ་དག་ལ་ཕུལ་བའི་འཚོ་བཅུད་ཆེས་བཟང་བོ་སྟེ། འདི་ལ་བརྟེན་ནས་ཁོ་ཚོ་ཡང་ཤ་རྒྱགས་པའི་མི་ཞིག་ཏུ་གྲུབ་ཐུབ་ཀྱིན་ཡོད། རྩོམ་པ་པོ། འདི་ཉིད་རྣམ་ཀུན་རང་གཤིས་འཇམ་པའི་སྨྱོ་ནད་ཅན་ཏེ། ཁོ་ཚོ་ཡི་གེ་བསྒྲིག་གཏོར་བྱེད་རྒྱུར་ཤིན་ཏུ་དགའ་ལ། ལ་ཤས་ཤིག་དེ་ལས་ཀྱང་ཚབས་ཆེ་བ་ཡིན་པས་སུའུ་ཏེན་གོང་མ་ཚང་གི་སློབ་གླིང་དུ་བཙད་འཁྲིད་ཀྱིས་ནོ་པེལ་ཟེར་བའི་རྩོམ་རིག་བྱ་དགའ་ཞིག་ཀྱང་སྟེར་གྱིན་འདུག སྐྱ་རེངས། བདེན་པ་མཇུག་རྫོགས་པར་རྩོམ་པའི་དུས་དེ་འདྲ་ཞིག་ལ་ཟེར། སྨྱོན་པ། རྒྱུན་དུ་གཞན་དག་སྨྱོས་འདུག་ཟེར་མཁན་གྱི་མི། རྔོན་པ། གཅན་གཟན་དག་སྒེར་གྱི་རྒྱུ་ཟོག་ལ་ངོས་འཛིན་མཁན་གྱི་མི། བསམ་བློ། སྙན་ངག་པ་དང་མགོ་སྐོར་མཁན་གཉིས་ཀྱིས་དུས་མཉམ་དུ་བཀོལ་ཀྱིན་པའི་མཛོད་ཁང་ཆེན་མོ། མགོ་སྐོར་གཡོ་ལས། ཚོང་བ་དག་གིས་རྒྱལ་ཁ་ལེན་སྤྱད་ཀྱི་མན་ངག་ཅིག་ལ་གོ། ཁྱིམ་བདག སྐྱེས་འཕེལ་གྱི་ནུས་པ་ཉམས་པའི་སྐྱེས་བུ་དག་འདུག་ཐབས་མེད་པའི་དཔོན་གནས་ཤིག་གི་མིང༌། རྒྱན་ཆ། བུད་མེད་དག་གིས་བརྩེ་དུང་གི་ཆེད་དུ་འདོགས་པའི་དབྱིབས་མི་འདྲ་བའི་ལྕགས་སྒྲོག་ལ། ཁེངས་སྐྱུངས། རི་བོང་སྤྱང་ཀིར་ཐུགས་པའི་དུས་ཀྱི་ཉམས་འགྱུར་ལ། མཛངས་མ། སྐྱེས་པ་ཚོས་ཁོ་མོ་དག་གི་འགུགས་ཤུགས་ལ་མཐོང་ཆུང་བྱས་པར་ཆེད་དུ་ཚན་རིག་དང༌། སྒྱུ་རྩལ། རྩོམ་རིག་སོགས་ལ་ཟུར་ཟ་བྱེད་པའི་བུད་མེད་ལ། ཐ་མ་ཁ། དབུལ་ཕྱུག་དང་གྲལ་རིམ་མི་ཕྱེ་བའི་འོ་སྟེ། མཆུའི་དགའ་མ། སུན་སྣང་གི་གྲོགས་པོ། འཁོན་ལན་སློག་པ། སྔོན་ཆད་ཀྱི་དགའ་མས་རང་ཉིད་ལ་བྲིས་པའི་བརྩེ་འཕྲིན་དག་རང་གི་དགྲ་ཟླ་སྟེ་ཁོ་མོའི་ད་ལྟའི་ཁྱོ་ཀར་བསྐུར་བ་དེ་ལྟ་བུ་ཞིག་ལ། ཧ་ལས་པ། ངོ་མ་ངོ་ཐོག་གིས་ང་ཚོ་ཧ་ལས་སུ་བཅུག་པའི་བྱ་བ་གཅིག་པོ་ནི། ང་ཚོ་འཇིག་རྟེན་འདི་ལ་སྐུ་གཏམས་པའི་དུས་ཏེ། དེ་ལྟར་མིན་ན། ང་ཚོས་ཅིའི་ཕྱིར་ལོ་ཧྲིལ་བོ་གཅིག་དང་ཕྱེད་ཀའི་གཡས་གཡོན་ལ་སྐད་ཆ་ཚིག་གཅིག་ཀྱང་ཤོད་མི་ཐུབ་པར་ཅི་བྱུང་སོང༌། ། ༼རེ་རྐང་གླིང་གིས་བསྒྱུར༽ གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
གསོལ་སྟོན་སྐབས་སུ་ལྕམ་ཆུང་རྟུག་དྲི་ཤོར།
དམངས་ཁྲོད་ཀྱི་ངག་རྒྱུན་ལས་གནའ་སྔ་མོ་རིན་ཆེན་རྫོང་ཞེས་པ་ཞིག་རྫོང་དཔོན་རྙིང་པ་རྩེ་དྲུང་ཞིག་གིས་རྫོང་དཔོན་གསར་པ་དྲུང་འཁོར་ཞིག་ལ་རྩིས་སྤྲོད་བྱས་པ་རེད། རྩིས་སྤྲོད་ཟིན་རྗེས་རྫོང་དཔོན་གསར་རྙིང་དང་སྤྲོད་དཔང་གཞིས་སྡོད་ཁ་ཤས་དང་། ལས་བྱ་སོགས་མཉམ་དུ་གསོལ་སྟོན་ལ་རོལ། གསོལ་སྟོན་ཉིན་དང་པོའི་དགུང་ཚིགས་ཤ་འབྲས་ཤིག་བཤམས་པ་རེད། རྫོང་དཔོན་རྙིང་པའི་སྨ་རའི་གསེབ་ཏུ་སྒ་སེས་ཚོས་པའི་འབྲས་སེར་རྡོག་གཅིག་འཁོན། དེ་ཁོ་པའི་གཟིམ་དཔོན་གྱིས་མཐོང་ནས་འདི་ལྟར་བརྗོད། འཁྲི་ཤིང་ནགས་ཀྱི་གསེབ་ཏུ་གསེར་གྱི་བྱིའུ་བབས་འདུག་ཅེས་ཟེར། རྫོང་དཔོན་རྙིང་པས་དེ་དོན་རྟོགས་ཏེ་སྨ་ར་བྱིལ་ཙམ་བྱས། ཁོང་དཔོན་གཡོག་གཉིས་ཀྱི་ཚུལ་དེར་ཚང་མ་ཡིད་སྨོན་བྱུང་། གསོལ་སྟོན་ཉིན་གཉིས་པའི་དགུང་ཚིགས་སྐབས་སུ་རྫོང་དཔོན་གསར་པའི་ལྕམ་ཆུང་རྟུག་དྲི་ཤོར་བ་རེད། ལྕམ་ཆུང་དེས་རང་ཉིད་ཀྱི་ཞལ་ཏ་མར་མིག་ཆེན་པོ་ཞིག་བལྟས་ཀྱང་མོས་ནི་རྟུག་དྲི་གཏོང་མཁན་རང་ཉིད་མིན་སྟབས་ངོ་གནོང་ཙམ་མ་བྱས། དགོང་དྲོ་ལས་ཤག་ཏུ་ལོག་རྗེས་ལྕམ་ཆུང་གིས་ད་གིན་ང་རྟུག་དྲི་ཤོར་དུས་ཁྱོད་ཡིན་ཁུལ་མ་བྱས་པ་ཅི་ཞེས་གཤེ་གཤེ་བཏང་། གསོལ་སྟོན་ཉིན་གསུམ་པའི་དགུང་ཚིགས་སྐབས་སུ་ཞལ་མ་དེས་ཁ་ས་ལྕམ་ལགས་ཀྱིས་བཏང་བའི་རྟུག་དྲི་དེ་ལྕམ་ལགས་མ་རེད་ང་ཡིན་ཞེས་གསལ་བཤད་ཅིག་བྱས་པས་དེར་ཡོད་མི་རྣམས་བཞད་གད་ཀྱི་འུར་སྒྲས་ཁེངས་སོ། ། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།