ཤར་ཕྱོགས་འོད་སྣང་། ཀ་མད་སུམ་ཅུའི་ཡིག་འབྲུ་རེ་ལ་སྙིང་གཏམ་དྲོན་མོའི་གསང་ཚིག་བསྟིམས།།ཁ་བཤད་ཚིག་གི་རྒྱབ་ལྗོངས་རེ་ལ་གཟུགས་མེད་སེམས་ཀྱི་ཚོར་བ་གསལ།།ག་ཤེད་ཡུལ་ན་ངེས་མེད་འཁྱམས་པའི་ཁེར་རྐྱང་ལྡོམ་བུའི་ཆིག་ལབ་འདི།།ང་ཡི་སྙིང་གི་གྲོགས་མཆོག་དམ་པ་རྒྱུན་དུ་དྲན་པའི་ཉིན་ཐོ་ཞིག།ཅ་ཅོའི་ཀུ་རེས་ལབ་གླེང་བྱེད་བཞིན་ལོ་གྲངས་བཅོ་ལྔའི་དུས་ཡུན་དེ།།ཆ་མེད་ངང་དུ་ཡུད་ཀྱིས་འདས་སྐབས་ཉིན་ཞག་འགའ་ཡི་ཚོར་སྣང་འོག།ཇ་ཡུན་ཙམ་ལའང་འབྲལ་བར་མི་ཕོད་ལྷན་ཅིག་འགྲོགས་ཚུལ་དྲན་ཐེངས་རེར།།ཉ་མོ་མཚོ་དང་བྲལ་བ་བཞིན་དུ་ད་དུང་སེམས་གཏིང་སྡུག་གིས་མནར།། ཏ་ལའི་རྒྱལ་པོའི་ཡུལ་གྲུ་འགྲིམས་པའི་ཁེར་རྐྱང་ལྡོམ་པོའི་མི་ཚེ་འདིར།།ཐ་དད་གྱེས་པའི་གསོན་བྲལ་དུ:ཁས་ཉེས་མེད་གཙེས་པའི་སྡུག་སྐད་ཁྲོད།།ད་དུང་ཁྱེད་ཀྱི་ཡིད་འཕྲོག་བཞིན་རས་མིག་ངོར་འཆར་བའི་འཁྲུལ་སྣང་ལྷན།།ན་ཚོད་ཡོལ་བའི་མི་རྒན་ཇི་བཞིན་གཞོན་ནུའི་རང་མདངས་འཇའ་ལྟར་ཡལ།། པ་ཏྲའི་རིས་ལྟར་སེམས་ཀྱི་མདུད་པ་ཕན་ཚུལ་དམ་དུ་སྦྲེལ་ལགས་ཀྱང༌།།ཕ་རོལ་ཡུལ་དུ་མི་ཞུད་དབང་མེད་ལས་དབང་བཙན་པའི་རང་བཞིན་དེས།།བ་ལང་འཚེ་ཡིས་བ་ཁྱུ་བཏོར་བཞིན་ཕན་ཚུལ་བཀྲལ་བའི་ལོ་ཟླའི་ཡུན།།མ་ཐོགས་རིང་མོའི་དུས་ཡུན་ཞིག་དང་ཁྱད་པར་སྤུ་ཙམ་ངས་མ་མཐོང༌།། ཙ་རེ་བ་ཡི་སེམས་སྡུག་དྲག་པོས་ཡུན་རིང་མནར་བའི་གོམས་གཤིས་འོག།ཚ་གྲང་ལྟོག་སྐོམ་ཡིད་ལ་མི་འཁོར་འཁོར་རྒྱུ་དེ་ཀོ་ཁྱེད་ཉིད་ཙམ།།ཛ་དྲག་ཚེ་ཡི་འཕེན་པ་རྫོགས་ཀྱང་འཇིག་རྟེན་ཕྱི་མའི་ཡུལ་གྲུ་ནས།།ཝ་ལེར་དྲན་པའི་བག་ཆགས་དྲག་པོས་སླར་ཡང་ཁྱེད་ཉིད་དྲན་པར་ངེས།། ཞ་ཞིའི་དུས་ནས་གཅིག་སེམས་གཅིག་སྦྲེལ་ཕན་ཚུན་འགྲོགས་པའི་རང་བཞིན་དང༌།།ཟ་ཉལ་འགྲོ་འདུག་གཅིག་ལ་གཅིག་མཚུངས་བློ་སེམས་མཐུན་པའི་ངང་ཚུལ་དེས།།འ་ཅག་ཕན་ཚུན་གཅིག་ལ་གཅིག་འཕྲེང་ལས་དབང་དྲག་པོའི་དཀའ་སྡུག་འོག།ཡ་མ་བརླ་ཡི་འཇིག་རྟེན་འདི་ན་ཇི་ཙམ་མནར་བ་སུ་ཡིས་རྟོགས།། ར་ཡིག་གཉིས་པས་གླུ་དབྱངས་སྙན་མོ་དར་དིར་སྒྲོགས་པའི་དུས་ཚིགས་ཏེ།།ལ་ལུང་ཀུན་ཏུ་དཔྱིད་ཀྱི་དཔལ་ཡོན་མངོན་པར་འཆར་བའི་ཉིན་མོ་དེར།།ཤ་ཉེ་ཁྱེད་ཉིད་མི་རིང་མཇལ་བའི་སྨོན་འདུན་ལྷང་ལྷང་གྱེར་བཞིན་དུ།།ས་མཐའ་འདི་ནས་ཁེར་རྐྱང་ལྡོམ་བུས་ཁྱེད་ལ་སྐུ་ཁམས་བཟང་བར་སྨོན།། ཧ་ལམ་ངེས་མེད་མི་ཚེའི་ནང་དུ་ཕན་ཚུན་འཕྲད་པའི་གོ་སྐབས་ཤིག།ཨ་ཁ་འཆི་བདག་གཤིན་རྗེས་མི་འཕྲོག་རབ་འབྱམས་རྒྱལ་བས་ཐུགས་རྗེ་གཟིགས།། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
Author: སྤྱི་ཁྱབ་རྩོམ་སྒྲིག་པས།
VIRUS? ཝི་རསེ་བྱ་བ་དེ་གང་ཡིན་ནམ།
《༡》ཝི་རསེ་འམ་གཉེན་སྲིན་ནི་ཆེས་ཆུང་བའི་སྐྱེ་དངོས་ཕྲ་མོ་ཞིག་ཡིན་ཞིང་དེ་ནི་གློག་རྡུལ་གྱི་ཆེ་ཤེལ་ལ་མ་བསྟེན་པར་མཐོང་མི་ནུས་པའི་ཆོས་ཤིག་ཡིན། འཛམ་གླིང་ནང་གི་ཆུ་དང་རླུང་གིས་མཚོན་པའི་དངོས་པོ་མཐའ་དག་གི་སྟེང་དུ་ཝི་རསེ་རྙེད་རྒྱུ་ཡོད།《༢》ཝི་རསེ་ནི་བྷེཀ་ཊི་རི་ཡ་bacteria སྟེ་ཕྲ་སྲིན་དག་དང་མི་འདྲ་བར་རང་ངོས་ནས་བསྐྱར་སྐྲུན་བྱ་རྒྱུའི་ནུས་པ་མེད་ཅིང་། ཁོང་ཚོས་གཉེན་ཁ་རྒྱས་པའམ་ནད་རིགས་འགོ་ཟིན་པའི་cell སྲེལ་ཏེ་སྦུབས་ཕྲན་ཚོའི་DNAཌི་ཨེན་ཨེ་སྟེང་ཕྱིན་ནས་དེ་དག་ཝི་རསེ་མང་པོ་བསྐྱར་སྐྲུན་བྱེད་ཆེད་དུ་སྤྱོད་ཀྱི་ཡོད། 《༣》ཁྱེད་ཀྱི་ལུས་པོས་ནད་རིགས་འགོག་བྱེད་ཀྱི་མ་ལག་immune system སྤྱད་ནས་ཝི་རསེ་ཡིས་ནད་འགོ་བའི་སྤྱོད་པ་དེར་འཐབ་མོ་བྱེད་ཀྱི་ཡོད།《༤》ཝི་རསེ་ཡིས་སྤྱིར་བཏང་གི་འཆམ་པ་དང་། influenza ཨིན་ཕུལེན་ཛ་ཞེས་པའི་ཚ་བའི་རིམས་ནད་དང་། HIV/AID ཨེ་ཛེ་འམ་རེག་དུག་ཞེས་པ་ལ་སོགས་པའི་ན་ཚ་དང་ནད་རིམས་དེ་དག་གི་རྒྱུ་རྐྱེན་བྱེད་ཀྱི་ཡོད། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
བྱ་བ་ཆུང་ངུ་ཞིག
ཀྲུའུ་ཙི་ཆིང་། ང་རང་གྲོང་གསེབ་ནས་རྒྱལ་ས་པེ་ཅིང་དུ་ཡོང་སྟེ་ཡུད་ཙམ་ཞིག་ལ་ལོ་དྲུག་ཕྱིན་ཚར་འདུག སྐབས་དེ་དག་གི་ནང་མཐོང་ཐོས་བྱུང་བའི་རྒྱལ་ཁབ་ཀྱི་དོན་ཆེན་ཟེར་བ་བརྩིས་ན་ཤིན་ཏུ་མང་། འོན་ཀྱང་ངའི་སེམས་སུ་དེ་དག་གི་བག་ཆགས་ཤུལ་ཙམ་ཡང་མི་སྣང་།གལ་ཏེ་བྱ་བ་དེ་དག་གིས་ང་ལ་བག་ཆགས་ཅི་ཞིག་བཞག་ཚུལ་དྲན་ཤེས་ཀྱིས་སྐྱོངས་པར་མཛོད་ཅེ་ན། ངའི་གཤིས་ཀ་ངན་པའི་ཁྲག་རྒྱུན་འཕེལ་བ་ཅམ་ལས་མ་འདས། དེ་ཡང་དྲང་པོར་བརྗོད་ན། ངས་གཞན་ལ་ཉིན་རེ་ལས་ཉིན་རེར་མི་ལ་མཐོང་ཆུང་བྱེད་པ་དེ་ཡིན་ནོ། འོན་ཀྱང་བྱ་བ་ཆུང་ངུ་ཞིག་འཕྲད་པ་དེས་ང་རང་གི་གཤིས་ཀ་ངན་པ་དེ་བཅོས་པར་ཕན་པ་ཆེ་བས་བྱ་བ་དེ་ད་ལྟའི་བར་དུ་བརྗེད་མི་ཐུབ་པར་ཡིད་ལ་གསལ་པོར་དྲན་གྱི་འདུག དེ་ཡང་མིང་ལོ་དྲུག་པའི་དགུན་ཁར་བྱང་ལྷགས་འུར་འུར་དུ་ལྡང་བའི་ཉིན་ཞིག་ ང་རང་ལྟོ་གོས་ཀྱི་དོན་དུ་ཞོགས་པ་སྔ་པོར་ལམ་དུ་མི་ཞུགས་ཐབས་མེད་དུ་གྱུར། དེ་ཉིན་ཞོགས་པ་ལམ་བར་དུ་འགྲོ་མི་ཧ་ལམ་རིག་རྒྱུ་མེད། འོན་ཏེ་མི་འདྲུད་འཁོར་ལོ་ཞིག་གླ་ཐུབ་ཙམ་བྱུང་བས་ཁོ་ལ་ཞེས་པའི་སྒོ་འགྲམ་དུ་སྐྱེལ་དུ་བཅུག་པ་ཡིན། རེ་ཞིག་སོང་མཚམས་བྱང་ལྷག་ཆུང་དུ་སོང་བ་དང་། ལམ་ངོས་ཀྱི་ཐལ་རྡུལ་ཡང་རླུང་གིས་གཙང་མར་འདེད་ཟིན་ནས་ལམ་ཆེན་གཙང་མར་གྱུར་འདུག་པས། འཁོར་ལོ་འདྲུད་མཁན་གྱི་གོམ་སྟབས་ཀྱང་ཇེ་མགྱོགས་སུ་སོང་། ཞེས་པའི་སྒོ་འགྲམ་དུ་སླེབས་ལ་ཁད་ཀྱི་ཚེ་མི་ཞིག་གློ་བུར་དུ་འཁོར་ལོའི་མདའ་མར་ཐོགས་ཏེ་དལ་བུར་འགྱེལ་སོང་། ས་ལ་འགྱེལ་བའི་མི་དེ་ནི་སྐྲ་ལོ་དཀར་ལ་གོས་ཧྲུལ་གྱོན་པའི་རྒད་མོ་ཞིག་རེད་འདུག ཁོང་གློ་བུར་དུ་རྒྱ་ལམ་འགྲམ་ནས་འཁོར་ལོའི་མདུན་ཕྱོགས་སུ་འཕྲེད་དུ་བརྒལ་བའི་ཚེ། འཁོར་ལོ་འདྲུད་མཁན་གྱིས་བཟུར་ཡང་བཟུར་མ་ཐུབ་པར་ཁོང་གིས་གྱོན་པའི་སྲིང་བལ་བར་འཚངས་ཅན་གྱི་སྟོད་གོས་རལ་པ་དེ་ཐོབ་ཆི་བརྒྱབ་མེད་སྟབས་རླུང་གིས་བསྐྱོད་ནས་འཁོར་ལོའི་མདའ་མར་ཐོགས་འདུག སྟབས་ལེགས་པ་ཞིག་ལ་འཁོར་ལོ་འདྲུད་མཁན་གྱིས་སྔར་ནས་གོམ་འགྲོས་ཇེ་དལ་དུ་བཏང་ནས་ངང་འཐེན་བྱས་པ་མ་གཏོགས་རྒད་མོར་བརྡབས་ཆག་ཆེན་པོ་ཞིག་ཡོང་ངེས་རེད། རྒད་མོ་ས་ལ་འགྱེལ་མ་ཐག་འཁོར་ལོ་འདྲུད་མཁན་ཡང་རང་སར་ལངས་ནས་བསྡད་སོང་། རྒད་མོ་དེ་ལ་རྨས་སྐྱོན་བྱུང་མེད་ལ་མི་གཞན་གྱིས་ཀྱང་རྒད་མོ་འགྱེལ་བ་མཐོང་མེད་པས་ཁོས་ཇུས་མེད་ཇུས་འཁྲི་དང་རང་སྡུག་རང་ཉོ་བྱས་པར་མ་ཟད། ང་རང་གི་དུས་ཚོད་ཀྱང་འགོར་འགྲངས་ཡོང་ངེས་རེད་སྙམ་ནས་འཁང་ར་བྱས་ཏེ་ངས་ཁོ་ལ་སྐྱོན་ཅི་ཡང་མེད་པས་ཁྱོད་ལམ་དུ་སྐྱོད་ཅིག་ཅེས་བཤད་ཀྱང་འཁོར་ལོ་འདྲུད་མཁན་གྱིས་མ་ཐོས་པའམ་ཡང་ན་སྣང་དོགས་མི་བྱེད་པ་གང་ཡིན་མ་ཤེས། ཁོས་འཁོར་ལོ་བཞག་སྟེ་རྒད་མོ་ག་ལེར་བསྐྱོར་བཞིན་དུ་ཁྱོད་ཅི་འདྲ་འདུག་ཅེས་དྲིས་པར་རྒད་མོས་ང་བརྡབས་བྱུང་ཞེས་ཟེར། ངའི་སེམས་སུ་རྒད་མོ་ནི་དལ་པོར་འགྱེལ་བས་བརྡབས་ཆགས་ག་ལ་ཡོང་སྲིད། དེ་ནི་གཡོ་སྒྱུ་བྱས་པ་ཞིག་ཡིན་པས་དངོས་གནས་བསམ་ངན་མ་རུང་བ་ཞིག་རེད། འཁོར་ལོ་འདྲུད་མཁན་ཁྱོད་ཀྱང་ཀ་ཀོར་མང་ཞིང་རང་མགོ་ཆུ་འདྲེན་བྱེད་མཁན་ཞིག་འདུག་པས་ད་ནི་ཁྱོད་རང་གིས་བཙོས་པའི་ཆང་དེ་ཞིམ་པོ་མེད་ཀྱང་འཐུང་དགོས་པ་བཞིན་དུ་བསམས། འཁོར་ལོ་འདྲུད་མཁན་གྱིས་རྒད་མོའི་སྐད་ཆ་ཉན་རྗེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་སྔར་བཞིན་རྒད་མོ་སྐྱོར་ཏེ་གོམ་པ་རེ་རེ་བཞིན་མདུན་དུ་བསྐྱོད་སོང་། ང་རང་ཧ་ལས་ཏེ་མདུན་ཕྱོགས་སུ་བལྟས་བ་ན་དེར་ཉེན་རྟོག་བདེ་སྲུང་ཡན་ལག་ཁང་ཞིག་འདུག འོན་ཀྱང་རླུང་ཆེན་འཇག་མ་ཐག་ཡིན་པས་ཕྱི་རོལ་དུ་མི་གཅིག་ཀྱང་མཐོང་རྒྱུ་མེད་ཅིང་འཁོར་ལོ་འདྲུད་མཁན་དེས་རྒད་མོ་སྐྱོར་བཞིན་ཉེན་རྟོག་བདེ་སྲུང་ཡན་ལག་ཁང་གི་རྒྱལ་སྒོའི་ཕྱོགས་སུ་འགྲོ་གིན་འདུག སྐབས་དེར་ང་རང་ལ་གློ་བུར་དུ་ཡ་མཚན་གྱི་འཆར་སྒོ་ཞིག་སྐྱེས་བྱུང་། ལུས་པོ་ཡོངས་རྫོགས་ས་རྡུལ་གྱིས་ཁེངས་པའི་འཁོར་ལོ་འདྲུད་མཁན་དེའི་ལུས་གཟུགས་དེ་སྐད་གཅིག་ཉིད་དུ་ཆེན་པོར་གྱུར་པ་མ་ཟད་སྐྱོད་ཅིན་སྐྱོད་ཅིན་དུ་ཇེ་མཐོར་གྱུར་པས་ངས་མགོ་བོ་བཏེགས་ན་མ་གཏོགས་མཐོང་མི་ཐུབ་པ་དང་། ཁོང་ཡང་རིམ་བཞིན་ང་རང་ཟིལ་གྱིས་གནོན་མཁན་ཞིག་ཏུ་གྱུར་ནས། ངའི་པགས་པའི་ཕྱུ་པའི་ནང་དུ་སྦས་གསང་བྱས་པའི་མ་རུང་བའི་སེམས་དེ་ཡང་གནོན་ཤུགས་ཀྱིས་ཕྱིར་མངོན་ཡོང་བ་ལྟ་བུའི་སྣང་བ་ཞིག་འགོག་མེད་དུ་སྟེར། སྐབས་དེར་ངའི་ཤེས་པ་ཕལ་ཆེར་ཉམས་པ་དང་འདྲ་བར་ཙོག་གེར་སྡོད་པ་ལས་འགུལ་རྒྱུ་གང་ཡང་མེད་པ་དང་བློ་ལ་གང་ཡང་འཆར་རྒྱུ་མེད་པར་གྱུར་ཅིང་། ཉེན་རྟོག་སྡེ་སྲུང་ཡན་ལག་ཁང་ནས་ཉེན་རྟོག་པ་གཅིག་ཐོན་པ་མཐོང་དུས་གཞི་ནས་འཁོར་ལོའི་ཐོག་ནས་མར་བབས་པ་ཡིན། ཉེན་རྟོག་པས་ངའི་འཁྲིས་སུ་ཡོང་ནས་ཁྱོད་འཁོར་ལོ་གཞན་ཞིག་གློས་ཤིག ཁོ་ཁྱོད་འདྲུད་པར་ཡོང་མི་ཐུབ་ཅེས་ཟེར་བ་ལ་ངས་མནོ་བསམ་མ་བཏང་བར་ཕྱི་གོས་ཀྱི་ཁུག་མའི་ནང་ནས་དོང་ཙེ་སྦར་མོ་གང་ཉེན་རྟོག་པར་སྤྲད་ནས་ཁྱོད་ཀྱིས་ཁོ་ལ་སྤྲོད་རོགས་གནང་ཞེས་བརྗོད་པ་ཡིན། ལྷགས་པ་ཡོངས་སུ་འཇགས་རུང་ད་དུང་ཁྲོམ་ལམ་འཇམ་ཐིང་ངེར་གནས་འདུག ང་ལམ་དུ་སྐྱོད་བཞིན་བསམ་བློ་གཏོང་སྐབས་རང་གིས་རང་ལ་བསམ་བློ་གཏོང་མི་ཕོད་པ་ལྟ་བུར་གྱུར། དེ་སྔོན་གྱི་བྱ་བ་རྣམས་རེ་ཞིག་གླེང་རྒྱུར་ཞོག དོང་ཙེ་སྦར་མོ་གང་སྤྲད་པ་དེ་གང་གི་ཆེད་དུ་ཡིན་ནམ། ཁོ་ལ་བྱ་དགར་སྤྲད་པ་ཡིན་ནམ། ངས་འཁོར་ལོ་འདྲུད་མཁན་ལ་ཤན་བྱེད་ཐུབ་བམ། དོན་དེ་ཚོར་རང་གིས་རང་ལ་ལན་འདེབས་ཐབས་མི་འདུག བྱ་བ་དེ་ད་ལྟའི་བར་དུའང་རྟག་ཏུ་ཡིད་ལ་འཆར་བས། ང་ཡང་རྣམ་པ་ཀུན་ཏུ་སྡུག་སྔལ་གྱིས་མནར་བཞིན་རང་ཉིད་ཀྱི་སྟེང་ལ་བསམ་བློ་གཏོང་ཐབས་ཀྱི་འབད་པ་མི་ཆུང་བ་ཞིག་བྱེད་དགོས་ཀྱི་འདུག ལོ་འགའི་རིང་ཞི་སྐྱོང་དང་དྲག་འདུལ་ཞེས་སོགས་ཡོངས་སུ་གྲགས་པ་དེ་དག་ནི་ངས་ཆུང་དུས་བཀླགས་པའི་གསུང་རབ་དང་སྙན་ངག་དང་འདྲ་བར་ཚིག་རྐང་ཕྱེད་ཀའང་བློ་ལ་ངེས་ཀྱི་མི་འདུག འོན་ཀྱང་བྱ་བ་ཆུང་ངུ་དེ་ཁོ་ན་རྟག་ཏུ་ངའི་མིག་ལམ་དུ་ལྷམ་མེར་འཆར་ཞིང་སྐབས་འགར་ནི་སྔར་བས་གསལ་བ་ཞིག་ཝ་ལེར་སྣང་བར་གྱུར་པས་ང་ལ་གནོང་འགྱོད་སྐྱེ་བ་དང་། རང་བསྐུལ་ཡར་བསྐྱེད་ལ་སྐུལ་མ་ཐེབས་པ་མ་ཟད། ངའི་བློ་སྟོབས་དང་རེ་བའང་ཇེ་ཆེར་འགྲོ་བཞིན་འདུག གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
སྙིང་སྡུག་མ།
སྙེ་འཕྲིན་ལས། གཉེན་ལ་བྱམས་པའི་གཞུང་དྲང་གི་དཔའ་མོ་ཞིག མེས་པོའི་སྲོལ་རྒྱུན་རིག་གནས་ཀྱི་རྗེས་འཛིན་པ་ཞིག རྒན་ལ་གུས་ཞིང་ཆུང་ལ་བརྩེ་བའི་བྱམས་བརྩེའི་བདག་ཉིད་ཅན་ཞིག བཞིན་ལེགས་དཔལ་ཡོན་ལྡན་པའི་མཛངས་མ་ཞིགབདག་གི་སྙིང་དབུས་ཀྱི་པད་དཀར་སྡུག་གུ་མ། ངེད་གཉིས་ཀྱི་དབར་བརྩེ་དུང་ལས་འཕྲོའི་མདུད་པས་བཅིངས་པས། བློ་སེམས་གཅིག་མཐུན་གྱི་དམ་བཅའ་འགྱུར་མེད་བྲག་ལ་བཅོལ། ཟས་ལ་རྩམ་ནག་ཆུ་ནག་ལས་མེད་ཀྱང། མཉམ་ཟ་མཉམ་འཐུང་གི་དགའ་བདེའི་ལོངས་སུ་སྤྱད་པས། འཇིག་རྟེན་གྱི་བདེ་སྐྱིད་མཐའ་དག་ངེད་གཉིས་ལ་དབང་བ་འདྲ། བདེ་བ་དང་དགའ་བས་མྱོས་པའི་ངེད་གཉིས་ལ། བྱ་བྱིའུ་ཡིས་ཀྱང་གླུ་དབྱངས་ཀྱི་སྨོན་ཚིག་ཞུ་མྱོང་ལ། རྩི་ཤིང་མེ་ཏོག་གིས་ཀྱང་གར་ལྡེམ་འཁྲབ་སྟོན་གྱི་རྟེན་འབྲེལ་ཞུ་མྱོང། བདག་གི་སྙིང་སྡུག་མ། ད་ལྟའི་ཟང་ཟིང་ཁོར་ཡུག་འདིས། ཁྱོད་ལ་ངན་ཤན་གྱིས་གོམས་འདྲིས་གསར་པ་ཞིག་སྤྲད་ན་ཡང། དུས་ཀྱི་འགྱུར་བ་དེ་ཇི་ལྟར་སོང་ན་ཡང། ཁྱོད་ཀྱི་རང་གཤིས་བཟང་པོ་འགྱུར་དགོས་དོན་ཅི། ད་ལྟ་ཁྱོད་ཀྱིས་རྒྱུ་ནོར་ཆེད་དུ་གང་ཡང་བྱེད་ཕོད་ལ། མི་ཆོས་དང་བྲལ་བའི་ངེད་གཉིས་ཀྱི་ཕྲུ་གུའང་བཙོང། ལས་འབྲས་གང་ལ་ཡང་ཁྱད་གསོད་ནུས་པ་འདི་འདྲ། སུ་ཞིག་གི་དབང་ཤུགས་ཀྱིས་ཁྱོད་ཀྱི་ཀླད་པར་བཙན་འཛུལ་བྱས། ཡང་ན་སུ་ཞིག་གི་དངུལ་ལོར་གྱིས་ཁྱོད་ལ་སླུ་བྲིད་བྱས། བདག་གི་སྙིང་སྡུག་མ། ཁྱོད་རྨོངས་གཉིད་ལས་སོད་དང། རྒྱུ་ནོར་གྱི་སྐྱ་སྒྲིབ་ཕོག་པའི་མིག་ཟུང་དེ་ཕྱེ་ནས། མུན་འཐོམ་གྱི་འཚོ་བ་ལས་ལོངས་དང། དངུལ་ལོར་གྱིས་བདེ་སྐྱིད་ཉོ་མི་ཐུབ་པས། སྔོན་ཆད་ངེད་གཉིས་ལ་དབང་བའི་བདེ་སྐྱིད་དེ། ད་ལྟ་ཁྱོད་ལ་ཨེ་འདུག་བསམ་གཞིགས་གྱིས་དང། བདག་གི་སྙིང་སྡུག་མ། ངས་ཁྱོད་ཀྱི་ཆེད་དུ། ངའི་བློ་དཀར་གྱི་མདའ་མོ་དེ་གཞུ་ལྟར་བཀུག་མྱོང་ལ། བྱུ་རུའི་དོ་ཤལ་ཞིག་ཁྱོད་ཀྱི་མགུལ་དུ་བསྒྲོན་ཆེད། འཚོ་བའི་རྒྱ་མཚོ་ནས་དཀའ་སྡུག་ཐེངས་མང་བརྒྱུད་ཀྱིན། ཚེ་སྲོག་གི་གྲུ་ཆུང་དེའང་ཞིག་ལ་ཁད། ནམ་མཁས་ངུ་ངག་འདོན་ཞིང་མིག་ཆུའི་ཕྲེང་ཐག་མི་ཆོད་ལ། ས་གཞི་སྐྱོ་གདུང་གིས་མནར་བས་ལུས་པོ་འདར་སིག་སིག རྩི་ཤིང་མེ་ཏོག་གིས་ཀྱང་མགོ་བོ་འཁྱོག་གིན་སྨྲེ་ངག་འདོན། བདག་གི་སྙིང་སྡུག་མ། ཁྱོད་མྱུར་བར་རྟོགས་པ་གཉིད་ལས་སོད་དང། རང་གི་ཕུགས་བསམ་དང་ཕ་མེས་ཀྱི་རེ་འདུན་གང་ཡང་མིནཔའི། མུན་འཐོམ་གྱི་འཚོ་བ་དེ་ནས་འོད་ཟེར་གྱི་ལམ་ལ་ཁ་ཕྱོགས་དང། ངེད་གཉིས་ཀྱི་བདེ་སྐྱིད་འཚོ་བ་དེ་ན་ཡོད། ངེད་གཉིས་ཀྱི་བརྩེ་དུང་གི་དོན་སྙིང་དེ་ན་ཡོད། བདག་གི་སྙིང་སྡུག་མ། ངས་རྟག་ཏུ་དཀོན་མཆོག་ལ་གསོལ་བ་འདེབས་ཀྱིན། སྔར་སོང་གི་སྤྲོ་དགའ་དྲན་གྱིན། མ་འོངས་པའི་བདེ་བསྐྱིད་ལ་བསམ་གྱིན། ངེད་གཉིས་སྔར་བཞིན་བློ་སེམས་གཅིག་མཐུན་ངང་། དགའ་སྐྱིད་ཀྱི་འཚོ་བ་གསར་པ་དེ་ལ་བསྙེག་ན་འདོད། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
ལས་ཀ་འཚོལ་བ།
ཉིན་ཞིག་བུ་ཉིན་བསྐྱལ་གཅན་གཟན་ཁང་ཞིག་ཏུ་ལས་ཀ་འཚོལ་བར་ཕྱིན་པ་རེད། སྐབས་དེར་ལས་མི་བསྡུ་མཁན་དེས་བུ་ཉིན་བསྐྱལ་ལ་བྱ་རིགས་ཤིག་གི་འདྲ་པར་བསྟན་ནས། ཁྱེད་ཀྱིས་བྱ་དེའི་མིང་ག་རེ་ཡིན་མིན་ཤེས་སམ་ཞེས་དྲི་བ་བཏང་། བུ་ཉིན་བསྐྱལ་གྱིས་པར་དེར་ཡག་པོར་བལྟས་རྗེས་་ཧ་གོ་མ་སོང་ལབ། ལས་མི་བསྡུ་མཁན་དེས་་་ཁྱེད་རང་རྒྱུགས་ཚད་ལོན་མ་སོང་བས་ལས་ཀ་གལ་གནད་ཅན་རག་ཡག་ཡོད་མ་རེད། འོན་ཀྱང་ལས་ཀ་གཞན་ཞིག་སྤྲད་ཆོག ཤོད་དང་། ཁྱོད་ཀྱི་མིང་ག་རེ་རེད། ཅེས་དྲིས་པར་བུ་ཉིན་བསྐྱལ་གྱིས་ཨམ་སྦ་ནང་ནས་ཁོ་རང་གི་པར་ཞིག་སྟོན་ནས་་་་དཱ་ཁྱེད་ཀྱིས་པར་ལ་བལྟས་ནས་ངའི་མིང་ག་རེ་ཡིན་ཤེས་པ་བྱོས་དང་་ལབ་པས། ལས་མི་བསྡུ་མཁན་དེ་རེ་ཞིག་ཁ་སྐྱེངས་པོ་བྱུང་བ་རེད། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།