༼སེམས་ཀྱི་ལོག་ཕེབས་༽ གཞས་མཁན་ ཡ་དུང་། ཀུན་དགའ་། གངས་བཞུགས་། ཚེ་དབང་།ཚིག་། འབྲུག་ལྷ་རྒྱལ་། ༼ཡེ་ཤེས་ནས་བསྡུ་སྒྲིག་བྱས་༽ དབྱངས་། བཀྲིས་རྡོ་རྗེ་།གངས་དཀར་ལྷུན་པོ་ལྷ་ཡི་ལྕགས་རི་ཡིན་།གཙང་ཆུ་སྔོན་པོ་ཉི་ཟླའི་འཕྱང་འཕྲུལ་ཡིན་།རྩ་ཐང་ཡངས་པོ་སྐར་མའི་མལ་གདན་ཡིན་།ནམ་སཁའི་མཐོངས་སུ་ཆགས་པའི་གནསམཆོག་འདི་།འཛམ་གླིང་ཡང་རྩེའེ་གངས་ལྗོངས་ཕྱུག་མོ་སྟེ།ངེད་གངས་ཅན་བོད་པའི་ཕ་ས་ཡིན་།ཨོ།་་་་་་་་་ མ་ཡུམ་ལགས་། གངས་ལྗོངས་།ཁྱེད་ཀྱི་རུམ་ཁོངས་དྲོན་མོ་བསྙེགས་ནས་འོངས་།དེ་རིང་ཁྱེད་ཀྱི་པང་ནས་གླུ་ཞིག་ལེན་།ཨོ།་་་་་་་་་མ་ཡུམ་ལགས་། གངས་ལྗོངས་ལགས་།འདི་ནི་ཁྱེད་ཀྱིས་བསླབས་པའི་ཤིས་གླུ་ཡིན་།འདི་ནི་མ་ཡུམ་ཁྱེད་ལ་ཕུལ་བའི་སེམས་པ་ཡིན་།འགྲོ་དྲུག་སེམས་ཅན་རང་གི་ཕ་མ་ཡིན་།འཆི་མེད་ཞི་བདེ་སེམས་ཀྱི་ལོངས་སྤྱོད་ཡིན་།དཔའ་མཛངས་བརྟུལ་ཕོད་སྙིང་གི་རུས་པ་ཡིན་།གངས་རིའི་ལྗོངས་སུ་གནས་པའི་མི་རིགས་འདི་།མཐོ་སྒང་འདི་ཡི་གཞི་འཛིན་དང་པོ་དེ་།ངེད་གངས་ཅན་གདོང་དམར་བོད་པ་ཡིན་།ཨོ།་་་་་་་ སྤུན་ཟླ་ལགས་། བོད་པ་།ཁྱེད་ཀྱི་མཛའ་བརྩེ་ཟབ་མོ་དྲན་ནས་འོངས་།དེ་རིང་ཁྱེད་ཀྱི་མདུན་ནས་བྲོ་ཞིག་འཁྲབ་།ཨོ།་་་་་་་ སྤུན་ཟླ་ལགས་། བོད་པ་།དེ་ནི་ཁྱེད་ཀྱིས་བསླབས་པའི་སྒོར་བྲོ་ཡིན་།འདི་ནི་སྤུན་ཟླར་འཇལ་བའི་སེམས་པ་ཡིན་། [youtube https://www.youtube.com/watch?v=aECbRWbHTKM&hl=en&fs=1&] གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
Author: སྤྱི་ཁྱབ་རྩོམ་སྒྲིག་པས།
བོད་ཡིག
བོད་ཡིག་བེད་སྤྱོད་མི་འདུག་མ་གསུངས་ལགས། །བོད་ཡུལ་བོད་ཀྱིས་སྐྱོང་ལ་བོད་ཡིག་དགོས། །བོད་ཀྱི་མདུན་མ་བསུ་ལ་བོད་ཡིག་དགོས། །བོད་ཀྱི་རིག་གཞུང་འཛིན་ལ་བོད་ཡིག་དགོས། །བོད་སྐད་བོད་ལ་དགོས་ན་བོད་ཡིག་དགོས། །བོད་མིས་རང་མགོ་མཐོན་ལ་བོད་ཡིག་དགོས།། བོད་དོན་བོད་མིས་སྒྲུབ་ལ་བོད་ཡིག་དགོས། །བོད་མི་ལ་རྒྱ་ཅན་ལ་བོད་ཡིག་དགོས། ། བོད་ཡིག་བེད་སྤྱོད་ཡོད་མེད་ནི།།བོད་མི་རང་ལ་རག་ལས་ཡོད། ། བོད་ཡིག་བེད་སྤྱོད་མི་འདུག་མ་གསུངས་ལགས། །བོད་ཡིག་མེད་ན་བོད་ཀྱི་སྲོག་རྩ་མེད། །བོད་ཡིག་མེད་ན་བོད་ཀྱི་རིག་གཞུང་མེད།།བོད་ཡིག་མེད་ན་བོད་མིར་ཤེས་ཡོན་མེད། །བོད་ཡིག་མེད་ན་བོད་ལ་མདུན་ལམ་མེད།།བོད་ཡིག་མེད་ན་བོད་རྒྱ་གཅིག་ཏུ་འདྲེ། །བོད་ཡིག་མེད་ན་བོད་ཀྱི་ངོ་བོ་འགྱུར། །བོད་ཡིག་མེད་ན་བོད་ཀྱི་རང་ཚུགས་ཤོར།།བོད་ཡིག་བེད་སྤྱོད་ཡོད་མེད་ནི། །བོད་མི་རང་ལ་རག་ལས་ཡོད། །བོད་ཡིག་བེད་སྤྱོད་མི་འདུག་མ་གསུངས་ལགས། །བོད་ཡིག་སློབས་ཤིག་བོད་ཀྱི་གྲོགས་པོ་ཚོ། །བོད་མི་ང་ཚོ་བོད་ཀྱི་རྒྱུད་འཛིན་ཡིན། །བོད་ཀྱི་མདུན་ལམ་བོད་མི་ང་ཚོར་ཐུག །བོད་ཡིག་བེད་སྤྱོད་བོད་མིས་མ་ཐུབ་ན། །བོད་མི་ང་ཚོ་བོད་ཀྱི་ཞབས་འདྲེན་རེད།།བོད་པ་ཡིན་ཡང་བོད་ཡིག་མི་ཤེས་ན། །བོད་ལ་དགོས་པའི་བོད་མི་ཁྱེད་མ་རེད། ། བོད་ཡིག་བེད་སྤྱོད་ཡོད་མེད་ནི། །བོད་མི་རང་ལ་རག་ལས་ཡོད། ། ཀརྨ་དགེ་ལེགས་ཀྱིས་བོད་མི་རྒན་གཞོན་ཡོངས་ལ་དྲན་བསྐུལ་གྱི་ཆེད་དུ་ཕུལ། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
༄༅།།མཛའ་མོ། ༼གཞས་ཚིག༽
༄༅།།མཛའ་མོ། ༼གཞས་ཚིག༽སྙིང་སྡུག་གི་མཛའ་མོ། རི་ཆུ་སྟོང་གི་ཕ་རོལ་ཏུ་བཞུད་ཀྱང༌།འཇོ་སྒེག་གི་ལང་ཚོ། མི་རྐྱང་འཁྱམས་པོའི་མིག་ལམ་ལ་འཁོར་ཡོང༌།མཛའ་མོ། ཁྱོད་ཉིད་ཆས་པའི་ཤུལ་ནས།ཕྱིར་དྲན་གྱི་རི་མོ་ཐོད་ལ་བསྡུས།མཛའ་མོ། ཁ་ཕྱོགས་མེད་པའི་ལམ་དུ།གནག་སྣུམ་གྱི་སྐྲ་ལོ་རླུང་གིས་བསྐྱོད།མཛའ་མོ། སྙིང་སྡུག་གི་མཛའ་མོ།འཇོ་སྒེག་གི་ལང་ཚོ་རྒྱས་པའི་གཞོན་ནུ་མ། སྙིང་སྡུག་གི་མཛའ་མོ། རི་ཆུ་སྟོང་གི་ཕ་རོལ་ཏུ་བཞུད་ཀྱང༌།ཞི་དུལ་གྱི་གཤིས་ཀ མི་རྐྱང་འཁྱམས་པོའི་སེམས་གཏིང་ལ་འཁོར་ཡོང༌།མཛའ་མོ། ང་རང་གཅིག་པུར་འགྲེངས་ནས།གྱེས་བྲལ་གྱི་སྐྱོ་སྣང་དངན་པར་བསྟིམས།མཛའ་མོ། ཡིད་སེམས་སྨྲེང་བས་བཟི་སྟེ།སྨོན་འདུན་གྱི་རེ་བ་མཆི་མར་བསྐྱིལ།མཛའ་མོ། སྙིང་སྡུག་གི་མཛའ་མོ།ཞི་དུལ་གྱི་གཤིས་ཀ་འཛོམས་པའི་གཞོན་ནུ་མ། སྙིང་སྡུག་གི་མཛའ་མོ། རི་ཆུ་སྟོང་གི་ཕ་རོལ་ཏུ་བཞུད་ཀྱང༌།སྙན་འཇེབས་ཀྱི་སེམས་གཏམ། མི་རྐྱང་འཁྱམས་པོའི་རྣ་ལམ་ལ་འཁོར་ཡོང༌།མཛའ་མོ། ལག་འཕྲིན་འགྲམ་པར་གླན་ནས།དྲན་གདུང་གིས་མནར་བའི་སྡུག་ཡུས་བརྗོད།མཛའ་མོ། མི་འགྱངས་འཕྲད་པའི་ཁ་གཡང༌།སེམས་ཁོང་གི་གཏིང་ནས་ལྷོག་ལྷོག་འཕྱུར།མཛའ་མོ། སྙིང་སྡུག་གི་མཛའ་མོ།སྙན་འཇེབས་ཀྱི་སེམས་གཏམ་མོད་པའི་གཞོན་ནུ་མ། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
དགེ་ཆོས་དང་ངའི་ཀ་བཤད།
ར་ས་ཕོ་ཉ། ཀ་ལི་ཀ་ཏ་བལ་ཡུལ་པེ་ཅིང་དང་།། ཁ་བ་ཅན་གྱི་གྲོང་ཁྱེར་ལྷ་ས་སོགས། ག་ས་གང་དུ་ཡོད་པའི་མི་འདི་རྣམས།། ང་ཡིས་བལྟས་ན་རང་བཞིན་གཅིག་པར་མཐོང་།། ཅ་ཅོ་འུར་ཟིང་རྒྱག་རྒྱུར་དཔེ་དགའ་ཞིང་།། ཆ་ལུགས་འདྲ་མིན་གོན་ལ་དེ་བས་དགའ།། ཇ་མར་རྩམ་པ་སོགས་ལ་ཞེ་མེར་ལང་།། ཉ་སྦལ་སྡིག་སྲིན་ཟ་རྒྱུར་ཧ་ཅང་དགའ།། ཏ་རེན་སྐུ་དྲག་ངོ་བསྟོད་གཏམ་ལ་དགའ།། ཐ་མལ་མི་རྣམས་གཡོ་དང་རྒྱུ་ལ་དགའ།། ད་ལྟ་ཕལ་ཆེར་ཐ་མག་ཆང་ལ་དགའ།། ན་གཞོན་རྣམས་ནི་མཆོར་སྒེག་ཉམས་ལ་དགའ།། པཱ་ཕ་ཨ་མའི་ཕྱོགས་ལ་ལྡང་བ་དང་།། ཕ་རོལ་དགྲ་བོའི་ཕྱོགས་ལ་ངང་གིས་དགའ།། བ་ལང་ལྟ་བུའི་རྣམ་དཔྱོད་ཙམ་དབེན་པ།། མ་རབས་མི་ཚོའི་རང་མདོག་ངང་གིས་མཐོང་།། ཙ་རི་གནས་སྐོར་བྱེད་པ་མིང་གི་དོན།། ཚ་གྲང་དཀའ་ཐུབ་བྱེད་པ་ལྟོ་ཡི་དོན།། ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན།། ཝ་ལེར་བསམ་ན་ཐམས་ཅད་ནོར་གྱི་དོན།། ཞྭ་མོ་འདྲ་མིན་ཆོས་ལུགས་ཕན་ཚུན་དུ།། ཟ་རྒྱ་འཐུང་རྒྱུའི་ཆེད་དུ་མིན་ན་ཡང་།། འ་རེ་འུ་རེར་ཅི་དང་ཅི་རྩོད་པ།། ཡ་མཚན་ཙམ་ལས་དོན་གྱི་གནས་མ་མཐོང་།། ར་ཁང་ཁྱི་ཁང་ནང་དུ་སླེབས་པ་བཞིན།། ལ་ལུང་གང་ན་བདེ་སྐྱིད་མི་འདུག་ཀྱང་།། ཤ་ཁྲག་སྒྱུ་མའི་ལུས་འདི་མི་འཇིག་པར།། ས་སྟེང་འདི་རུ་མི་སྡོད་ཀ་མེད་ལགས་།། ཧ་ཅང་སྙན་པོ་མེད་དུས་ཀ་བཤད་འདིར།། ཨ་ཙི་གཞན་ཚོ་ཚིག་པ་ཟ་ལས་ཆེ།། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།