ཀ་ལི་ཨ་ལི་གྲངས་ཀས་མ་ཐེག་གོང༌།།
ཁ་དོག་དཀར་དམར་རྩོད་ལ་མཁས་པ་ཡི།།
ག་ས་ག་ནས་འདུ་བའི་རིགས་ལམ་པར།།
ང་ཡིས་བལྟས་ན་ངོ་མཚར་གནས་མང་མཐོང༌།།
ཅ་ཅོའི་སྐད་ཀྱི་གོ་བརྡ་མ་འཕྲོད་ཅིང༌།།
ཆ་རྒྱུས་སྤུ་ཙམ་མེད་པའི་མི་རྣམས་དང༌།།
ཇ་རྩམ་བཞིན་དུ་རིགས་པའི་གཞུང་ལུགས་ལ།།
ཉ་ཉུང་བཞིན་འདྲེས་ལྷན་ཅིག་རྩོད་པ་མཚར།།
ཏ་ཐ་ག་ཏའི་གསུང་རབ་སྙིང་པོའི་དོན།།
ཐ་ན་མུ་གསུམ་མུ་བཞིའི་རིགས་ལམ་ནས།།
དཱ་ག་སེ་མིན་འབད་པས་སྦྱོང་བྱེད་པའི།།
ན་གཞོན་སྙིང་སྟོབས་ཅན་རྣམས་རྣམ་པར་མཚར།།
པ་ཐུར་མིན་ཡང་རྩོད་པའི་གཡུལ་གྱེས་དུས།།
ཕ་མཆོག་བླ་མའི་བཞེད་པ་འདི་ཡིན་ཞེས།།
བ་ལང་བཞིན་དུ་ཨུ་ཚུགས་མ་ཡིན་པར།།
མ་འཆོལ་རིགས་པས་ལམ་ནས་བརྡར་བ་མཚར།།
ཙ་མུ་ཊི་སོགས་ལྷ་མོ་མ་གྲུབ་ཀྱང༌།།
ཚ་ཟེར་བཞིན་དུ་རིགས་པའི་དཔལ་འབར་བའི།།
ཛ་ལང་སྤྱོད་འདྲས་མཁས་ཚུལ་ཕལ་གྱི་རྒོལ།།
ཝ་སྐྱེས་སེང་པགས་བཤུས་པའི་རྣམ་ཐར་མཚར།།
ཞ་ནེ་བཞིན་དུ་གང་བཟོ་མ་ཡིན་ཞིང༌།།
ཟ་འདྲེ་ལྟར་ཏུ་གང་མཐོང་མ་ཟོས་པར།།
འ་ཅག་བོད་ཀྱི་རིགས་པའི་གཞུང་ལུགས་ལ།།
ཡ་མེད་ངལ་བ་དང་དུ་བླངས་པ་མཚར།།
ར་མགོ་ལ་མགོའི་ཁ་གྲངས་མ་ཤེས་ཤིང༌།།
ལ་དོན་ཨི་ལྡན་དཔེར་བརྗོད་མ་བྲིས་ཀྱང༌།།
ཤ་རེར་བོད་ཡིག་ཕྲ་རགས་ཅི་ཡིན་ཡང༌།།
ས་བཅུ་བ་ལྟར་ཀློག་ཅིང་བྲིས་པ་མཚར།།
ཧ་ཅང་དྲང་པོ་བཤད་ན་འདི་འདྲ་པས།།
ཨ་ཞང་ཁྱེད་རྣམས་ང་རྒྱལ་མ་བྱས་ཨང༌།།
ཧ་ལོ་ཤས་ཤས་ཁོ་ན་མ་སྦྱངས་པར།།
ཨ་ཙི་རིགས་ལམ་པ་ཅིག་གྱིས་དང་ཡ།།
ར་ས་ཕོ་ཉས་སྔོན་མ་བྲིས་སོ།།
ཡག་པོ་བྲིས་འདུག་།། ཤག་པོ་ལགས་།། དེང་སང་ཕོ་ལྕམ་སྐོར་ལ་གནས་ཚུལ་འདྲ་མིན་འདུག་
གནས་ཚུལ་ག་རེ་འདུག།