རི་ལུང་རྩྭ་ཐང་རྒྱ་ལམ་དང་ལྕགས་དྲས་ཁེངས།།མཚོ་དང་ཆུ་བོ་འབག་བཙོག་བ་ཚྭས་ཁྱབ།།གཡང་ཟོག་ཕྱུགས་ལ་ནད་ཀྱི་ཁོད་ཁ་མང་།།བོད་འབངས་འབྲོག་པའི་འཚོ་བ་སྟོང་ལ་ཉེ།། ཡངས་པའི་རོང་ས་རྒྱ་ཁང་གྲུ་བཞིས་ཁེངས།།ཞིང་ཁའི་བར་ཚིགས་གད་སྙིགས་ཤོག་བུས་བཟུང༌།།འབྲུ་དྲུག་སྙེ་མ་ལང་ཚོ་གཞོན་དུས་རྒུད།།བོད་འབངས་རོང་བར་སྟོན་ལས་མེད་ལ་ཉེ།། བོད་མི་ཕལ་ཆེར་དེང་རབས་འཕྲུལ་གྱིས་བསླུས།།བོད་ཕྲུག་ལོ་གཞོན་མེས་པོའི་སྲོལ་ལ་སྡང༌།།བོད་རིགས་བུ་མོ་ལང་ཚོ་བཙོང་མཁན་མང༌།།གངས་ཅན་བོད་པའི་ངོ་སོ་ཉམ་རེ་ང༌།། སྦྲ་ནག་གྲུ་བཞིའི་ཁྱིམ་ལས་གློག་ལ་བརྟེན།།གཡང་ཟོག་ཕྱུགས་ཀྱི་རྗེས་ལ་སྦག་སྦག་ཞོན།།ཁྱིམ་གྱི་ལོ་ལོན་རྒན་རྒོན་རྒྱ་ལྭ་གྱོན།།བོད་མིའི་རྒྱུན་སྲོལ་བཟང་པོ་ཉམས་ལ་ཁད།། བོད་པའི་ཐོབ་ཐང་གླེང་ན་ཁ་བྲལ་བ།།ཕྱི་ཁ་ནང་ལག་བྱས་ན་གོ་ས་ཐོབ།།རང་རིགས་རང་གིས་སྨད་ན་ཏང་ཡོན་པ།།བོད་མིའི་གནས་སྟངས་ཚེར་མགོའི་བྱེའུ་ཆུང་འདྲ།། བླ་མ་སྐྱེ་སྤྲུལ་ཚོགས་པའི་ཚོང་ལ་ཞུགས།།གྲྭ་བཙུན་རྒྱུ་ཡི་དོན་དུ་རྒྱ་གྲོང་ཉུལ།།བོད་མི་ཕལ་ཆེར་ལྷ་ལ་དད་པ་ལོག།དེང་སྐབས་བོད་འདི་གྲོག་མའི་ཚང་དང་འདྲ།། ཁ་བདེ་དཔོན་པོས་མིང་དང་ཁེ་གྲགས་གཉེར།།ཁོག་འཁྱོག་མཁས་པས་ཐོབ་དང་བསྙེན་བཀུར་བསམ།།ཅང་མེད་འབངས་མིའི་དཀའ་སྡུག་རྟོགས་མཁན་མེད།།བོད་པའི་ལས་སྐལ་ལ་ཁའི་ཉི་མ་འདྲ།། འགར་ཚེ་རྒྱལ། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
Category: རིགས་བཀར་མེད།
རྗེས་དྲན་སེམས་ཀྱི་རྨ་ཁ།
པཎ་ཆེན་སྐུ་ཕྲེང་བཅུ་བ་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་ལ། བདེ་ལྡན་ཞིང་མགོན་རྒྱལ་བ་འོད་སྣང་མཐའ་ཡས། །གངས་ལྗོངས་འགྲོ་ལ་ཐུགས་རྗེ་ཉེ་བར་ཆགས་ཏེ། །མཚན་དཔེའི་སྐུར་བཞེངས་པཎ་ཆེན་ཐམས་ཅད་མཁྱེན་པ། །ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་སྙིང་ནས་དྲན་ནོ། ། ཁྱེད་སྐུ་གངས་ལྗོངས་མཛེས་རྒྱན་གཟི་བརྗིད་དྲན་ནོ། །ཁྱེད་གསུང་ཚུལ་མིན་འབྱིན་པའི་འཕྲུལ་ཐབས་དྲན་ནོ། །ཁྱེད་ཐུགས་ཀུན་ལ་འཇུག་པའི་ཡེ་ཤེས་དྲན་ནོ། །ཁྱེད་ཀྱི་རྨད་བྱུང་མཛད་འཕྲིན་ནུས་སྟོབས་དྲན་ནོ། ། ལུས་མེད་དཔུང་ཚོགས་ན་ཚོད་ཆེས་ཆེར་དར་ནས། །བྱང་ཕྱོགས་སྣང་མུན་ནག་པོས་ཁྱུར་མིད་བརྩམས་ཚེ། །ཁྱེད་ཉིད་གཅིག་པུའི་མཐུ་ནུས་མེ་ཟླུམ་འོད་ཀྱིས། །ཁོར་ཡུག་ཡོངས་སུ་བསྲུངས་པའི་འོ་བརྒྱལ་དྲན་ནོ། ། གདོང་དམར་བསྟན་འགྲོ་ཉམ་དམའི་དོང་ན་གནས་སྐབས། །མཛད་འཕྲིན་དོན་ཡོད་ཞགས་པ་རྐྱོང་ཐེངས་གཅིག་གིས། །བོད་དང་བོད་བརྒྱུད་ཆོས་རིག་མིང་དོན་རྒྱལ་མཚན། །ས་ཆེན་བླ་རུ་བསྒྲེངས་པའི་བཀའ་དྲིན་དྲན་ནོ། ། ཟླ་མེད་ཐུགས་བསྐྱེད་གོ་ཆ་བརྟན་པོ་བགོས་ནས། །ཆོལ་གསུམ་མཐའ་དབུས་ཞབས་ཟུང་འཁོར་ལོས་མནན་ཏེ། །ཆོས་དང་སྲིད་ཀྱི་རང་ལུགས་འདི་དང་འདི་ཞེས། །ཕྲ་ཞིབ་བཀའ་སློབ་གནང་ཚུལ་བརྩེ་གཟིགས་དྲན་ནོ། སྔོན་ཞིག་གངས་རིའི་ལྗོངས་ལ་བསོད་ནམས་ཆེ་ཡང༌། །ཁྱེད་ལ་ཁྱེད་དང་འདྲ་བའི་དཔུང་རོགས་སྲིད་ཀྱང༌། །ཆོས་ཉིད་ནག་པོ་ཞིག་གི་ཁ་ཕྱོགས་འོག་ནས། །བོད་འབངས་སྤྱི་མཐུན་སྙིང་ལ་ཟུག་རྔུ་ཐེབ་སོང༌། ། དགུང་གི་ཉི་མ་ནུབ་པའི་ཕྱི་སྣོད་མུན་པ། །ཉིན་རེར་ལན་རེར་འཐིབ་དྭངས་རེས་མོས་ཡིན་ཡང༌། །མི་ཡི་ཉི་མ་ནུབ་པའི་ནང་གི་མུན་པ། །སངས་པའི་དུས་ཤིག་སྲིད་དམ་ཀུན་གཟིགས་ཆེན་པོ། ། གངས་རིའི་སྲོག་མཁར་ཁྱེད་ཉིད་དྲན་ཐེངས་རེ་ལ། །སེམས་ཀྱི་རྨ་ཁར་མི་འཐམ་རང་དབང་མི་འདུག།ཀུན་ཁྱབ་ཐུགས་རྗེ་འོད་ལྔའི་གུར་ཁང་ཀློང་ནས། །བྱིན་རླབས་རྗེས་འཛིན་མཛོད་ཅིག་སྐྱབས་མགོན་དམ་པ། །སྨིན་དབུས་བུ་ནས། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
གངས་རིའི་བུ་རྒྱུད
གངས་རིའི་བུ་རྒྱུད གངས་དཀར་པོ་མཛེས་སྡུག་ངོ་མཚར་སྟོང་ལྡན་གྱི།། བོད་གངས་ལྗོངས་སུམ་རྩེན་ཞིང་གི་དཔལ་ཡོན་བཀྲ།། མི་མགོ་ནག་ཆོལ་གསུམ་སྤུན་ཟླ་ཕོ་མོ་རྣམས།། ངའི་སྒང་པ་རིགས་ལ་ཞེན་དཀར་དཔའ་བོ་ཡིན།། ལྷོ་འཛམ་གླིང་ས་ཡི་ཡང་མཐོ་ཁ་བ་ཅན།། རི་མཆོད་རྟེན་འདྲ་བས་ཡོངས་སུ་བསྐོར།། ཕ་སྤྲེ་འུ་རྒྱུད་ལས་མཆེད་པའི་གངས་རིའི་བུ།། ཆོས་མ་ཎི་བྱིན་རླབས་སེམས་ན་རང་ཞུགས་ཡིན།། གོས་ཁ་བའི་འདབ་མ་ལུས་ལ་བཀླུབས་ན་ཡང་།། དགུན་འཆར་རླུང་གསེབ་ནས་མགོ་འཕང་མཁའ་རུ་གཏད།། མཚོན་གོ་ལག་རྣོན་པོས་བྲང་དུ་བཙུགས་བཞིན་དུའང་།། ལྷ་ཕྱག་ན་པད་མར་སྙིང་ནས་གསོལ་འདེབས་ཞུ།། ཆབ་གངས་ཆུ་བཞེས་པའི་གདུང་དམར་བྲག་སྲིན་བུས།། རིགས་དབྱེ་མེད་དགྲ་གཉེན་ཀུན་ལ་མ་ལྟར་གཅེས།། ཆོས་དབྱངས་རྟ་གྱེར་བའི་གངས་ཅན་འགྲོ་བ་འདི།། མ་རིགས་དྲུག་བསྐྱོང་མཁན་བྱམས་སེམས་ཅན་གྱི་རིགས།། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
སྨུག་ལོང་ཁྲོད་ཀྱི་གསང་བ།
སྤྲེལ་ཀླུ་དར་ལྕོག །སྒོ་མང་ཀླུ་འབུམ། ཤ་གཟན་སྤྱང་མོའི་བུ་ལ།།དམར་གཟན་མིན་པ་མི་འདུག།ཨ་ཕོ་རྫི་བོའི་སྤྱང་གྲུང༌།།ལུག་ཁྱུའི་མཐའ་ལ་སྒྲིམས་རོགས།། ལུག་ཆུང་འོ་མས་བགྲང་བ།།ལུག་ཁྱུའི་མཐའ་རུ་མ་སྐྱུར།།མཁའ་ལྡིང་གླག་མོ་དེ་ཡང༌།།ལུག་ཆུང་སྟེང་ལ་གཟན་འདུག། ཕྱིང་ལྭའི་བལ་གདན་འཇམ་པོར།།རྫི་བོ་གཉིད་གྲབས་མ་གནང༌།།རྫ་ཁར་སྨུག་སྤྲིན་ཟབ་དུས།།ལུག་ཁྱུ་རི་ལ་ཡན་འགྲོ།། སྣང་ཆུང་གྲོགས་ལ་མ་བྱེད།།རྫི་བོ་བྱང་སེམས་ཅན་པོ།།གྲོགས་པོའི་རྐུན་མིག་སྒོ་རུ།།ཁྱོད་ཀྱི་ལུག་ཁྱུ་བསྐྱིལ་འདུག། སྒོ་ཁྱིའི་ཟུག་སྐད་འཇགས་དུས།།རྐུན་ཇག་མི་འདུག་མ་དགོངས།།ཁྱི་སྤྱང་ངན་འབྲེལ་བར་ནས།།རྫི་བོར་དབུ་སྐོར་ཐེབས་འོང༌།། སྲིབ་རིའི་བྲ་ཚེར་ནགས་ལ།།ལུག་ཁྱུ་དགྲམ་པ་མ་གནང༌།།རིན་བྲལ་བལ་ཁ་འཇམ་པོ།།བྲ་ཚེར་ནགས་ནས་ལྷག་འགྲོ།། རྫ་གསེབ་སྨུག་ལོང་ཁྲོད་དུ།།རྫི་གཞས་རླུང་ལ་མ་སྐུར།།རྫི་གླུའི་ཁ་ཕྱོགས་དེད་དེ།།རྐུན་མས་སྐུང་ལུགས་ཤེས་འགྲོ།། མི་ཚེ་རྫི་ལ་གོམས་པའི།།ཉམས་མྱོང་གླུ་རུ་བླངས་པ།།རྫི་བོ་ཐུགས་ལ་ཞོག་དང༌།།གཡང་དཀར་སྐྱོང་ལུགས་རྟོགས་འོང༌།། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
གངས་ལྗོངས་ཀྱི་མལ་སྟན
ལྷ་གཡག་གི་ཧར་སྒྲགངས་དཀར་ལྷུན་པོ་གནམ་འདེགས་ཀ་བའི་ཉེ་འདབས་ན།།གངས་ཆུ་སྔོན་པོ་དྭངས་ཤིང་གཙང་པའི་བཞུར་སྐད་སྙན།།ས་མཐར་གྱར་ཏེ་རྒྱང་རིང་ཞིང་གི་ཡུར་བ་རུ།།ཆུ་བོ་རྙོག་མ་གད་སྙིགས་འདྲེས་མས་ངུ་འབོད་གཟན།། གངས་སེང་དཀར་མོས་གཡུལ་རལ་རྔོམ་པའི་ཡ་མཐོའི་དུས།།ཁ་བའི་ཁྱིམ་གཞིར་བགོད་སྒྲས་ཁེངས་བཞིན་ལྷིང་འཇགས་གནས།།ཁྱི་སྦྱངས་དམར་པོ་གངས་རིར་འགྲིམས་པའི་གཉེང་ཕྲང་དུས།།རི་ལུང་ཡོད་ཚད་ཤ་ཁྲག་གང་བའི་དུར་སར་གྱུར།།འཇམ་མཉེན་རྩྭ་མཆོག་ཕྱོགས་བཞིར་ཁེངས་པའི་སྤང་ལྗོངས་སུ།།འབྲི་གཡག་ནོར་ཕྱུག་ཞི་བདེ་བག་ཕེགས་ངང་གིས་འཚོ།།འཕྲུལ་རིགས་སྣ་འཛོམས་མཐོ་རྩིགས་ཁང་ཆེན་འོག་མ་ནས།།ལྷ་གཡག་སྟོང་ཚོགས་ཡུན་ཙམ་གཅིག་ལ་ཕྱི་མར་འདྲེན།། འདོད་རྒུའི་དཔལ་ཡོན་མངོན་པར་བཞད་པའི་དབྱར་ཟླ་ལ།།ཁྲ་མཆིལ་བཀྲ་བའི་དྲི་ཞིམ་མེ་ཏོག་མཛེས་སྡུག་རྔོམ།།ལྷག་རླུང་དྲག་སྡང་སྟོན་གྱི་རྭ་བའི་འགྱུར་ལྡོག་ཁྲོད།།གྲངས་མེད་འདབ་ལོ་ཤག་ཤག་ལྷུང་བའི་སྐྱོར་གདུང་ཞིག། ཁ་བའི་འདབ་མ་ལྷུག་ལྷུག་འབབ་པའིདགུན་དཀྱིལ་དེར།།དཀར་མཛེས་རི་རྣམས་ཤེལ་གྱི་མཆོད་རྟེན་འདངས་ལྟར་གསལ།།དཔྱིད་ཀྱི་ཚ་དྲོད་རབ་ཏུ་ཕྱུར་བའི་གནམ་ཟླ་ལ།།གངས་དཀར་ལྷུན་པོ་སྤྱན་ཆབ་བསིལ་བཞིན་ཁ་དོག་ཡལ།། ཁྲི་བདུགས་ཉི་མ་ཤར་རིའི་རྩེ་ནས་འཆར་བའི་ཚེ།།འདབ་ཆགས་སྟོང་གིས་དགའ་བའི་ཤུགས་གླུ་རི་ལུང་ཁྱབ།།མཚམས་སྤྲིན་དམར་པོ་ནུབ་རིའི་ཁ་ནས་འཁྲིགས་བའི་སྐབས།།ལྷ་བྱ་ཁྲུང་ཁྲུང་སྨྲེ་ངག་འདོན་བཞིན་རྒྱང་དུ་འཕུར།། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།