སེང་རྡོར། ____ ཚ་བ་མདའ་སྨྱུག་ལགས་གར་ཡོད་མ་ཤེས་ལོ་འཁོར་རེ་ཟུང་ཕྱིན་པར་རྗེས་དྲན་ཞུ། འདི་ནས་ལྡོག་སྟེ་བརྩིས་ན་མི་ལོ་དྲུག་གི་སྔོན་རེད། སྤྱི་ལོ་ཉིས་སྟོང་ལྔའི་དགུན་དཀྱིལ་ཞིག་ལ་ཁོ་བོས་སངས་རྒྱས་ཀྱི་མདོ་ག་པར་ཡོད་དམ་ཞེས་པའི་རྩོམ་ཡིག་ཐུང་ངུ་ཞིག་བྲིས་ཏེ་ལོ་དེར་ཕ་ཡུལ་ནས་བསྐྲུན་པའི་དྲེལ་གཞུང་རིག་རྩལ་ཚོགས་པའི་གཏམ་གླེང་ཆེད་བསྒྲིགས་ཅེས་པའི་དེབ་ཏུ་བཀོད་བཞག ཚེག་ཡིག་འབྲུ་ཉུང་ཞིང་ལུང་དཔེ་བརྗོད་ཀྱིས་དབུལ་ནའང་། ཤོག་ལྷེ་འགའ་ལས་མེད་པའི་རྩོམ་ཐུང་དེ་རྗེས་ཀྱི་རྟུལ་ཕོད་བྲི་དགོས་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ཡིན། རྟུལ་ཕོད་ནང་བཅད་ལྷུག་གཉི་གའི་ལམ་ནས་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཞེས་པའི་རྩོམ་ཆ་གཅིག་བྲིས་ཡོད། དམ་པ་ཁང་དཀར་སོགས་ཀྱི་དཔེ་དེབ་རེ་ཟུང་བཀླགས་པས་ཡིག་ཚོགས་ཅུང་མང་དུ་འཕེལ་ཡོད་མ་གཏོགས། ནང་དོན་ཕལ་ཆེར་སྔར་གྱི་དེ་ག་རང་ངོ་། གཞེས་ནིང་ལོར་དྲ་ཐོག་ཏུ་ཞུགས་རྗེས། ཚ་བ་མདའ་སྨྱུག་ལགས་ཀྱི་ལོག་རྟོགས་སྙིང་སྟོབས་ཞེས་པ་མཇལ་ཐུབ་སོང་། ལོག་རྟོགས་སྙིང་སྟོབས་དེ་གཞུང་བཀའ་པོད་ལྔ་ཡི་རིགས་དབྱེ་བཀར་ཐོག་བར་བར་དགེ་རྒན་ཆེན་མོ་དོར་ཞི་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་ཀྱི་ལྟ་ཚུལ་ཕྱོགས་སྔར་བཀོད་དེ་བྲིས་པའི་རྩོམ་རིང་ཞིག་རེད། དེའང་གསལ་པོར་བཤད་ན་གནའ་བོའི་སྟོན་པ་ནས་དེ་རིང་གི་རྗེས་མཇུག་སེར་སྐྱ་གཅིག་ཀྱང་ཤོར་མ་བཅུག་པའི་ཡི་གེའི་ལས་འགུལ་རྩུབ་པོ་ཞིག་རེད། ཨ་ལགས་ཚེ་ཏན་ཞབས་དྲུང་གིས་ཐོན་མིའི་ཞལ་ལུང་འབྲི་སྟངས་དང་རྣམ་པའི་ཆ་ནས་འདྲ་པོ་ཡོད། ཟླ་འོད་གཞོན་ནུའི་འཁྲི་ཤིང་དང་དེ་ལས་ཀྱང་སྔ་བའི་མདའ་སྨྱུག་ལགས་ཀྱི་རྩོམ་དག་བཀླགས་ན། ཁོང་གིས་ཀྱང་མཁན་པོ་བཀྲ་ཤིས་བསྟན་པ་རབ་རྒྱས་སོགས་སངས་རྒྱས་དངོས་ཀྱི་ཚད་དུ་བཀུར་ཐུབ་པའི་འབབ་ཚིགས་ཤིག་བརྒྱུད་མྱོང་བ་ཤེས་ལ། ལོག་རྟོགས་སྙིང་སྟོབས་ཀྱིས་ས་མཚམས་ཕྱེ་བའི་བྲིས་རྩོམ་གསར་མ་ཁག་མཇལ་སྐབས། དུས་ཚོད་ཀྱི་སྐས་རྐང་དང་ལྡན་པར་རིམ་པས་མཁན་པོ་དགེ་བཤེས་སོགས་ལ་ཁོ་ཆད་ཅིང་བློ་ལོག་སྟེ། མཐར་ནི་ལོག་པར་རྟོགས་པའི་སྙིང་སྟོབས་ཆ་ཚང་རྙེད་པ་སྟེ། སྡོམ་པ་ནི་རང་དབང་གི་དགྲ་བོ་ཡིན། རྒྱུད་ལ་སྡོམ་པ་ལེན་པ་ནི་སྐེ་ལ་ལྕེབ་ཐག་གོན་པ་ཡིན་ཞེས་པའམ། དེ་ཚོ་ཡོད་ཚད་ལ་བརྗེད་ཟས་བརྗེད་ཆུ་འདྲ་དྲངས་པ་ཡིན་ན་མ་གཏོགས་སོགས་ཀྱི་རིང་ཐུང་ཕོ་འདོམ་དགུ་བརྒྱ་ཡོད་པའི་དགག་གཟེར་ནག་པོ་ཞིག་བསྐྱུར་ཏེ་ཕེབས་སོང་བ་གོ་ཡོང། ལོག་རྟོགས་སྙིང་སྟོབས་ཞེས་པའི་ཚིག་སྒྲོས་གཞན་ཞིག་ནི་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་རང་རེད། ཡང་ན་དེ་ལས་ཀྱང་ངམ་ནག་སྟེ། ལོག་རྟོགས་སྙིང་སྟོབས་ཅེས་པའི་ཁོག་ཏུ་ཁོ་བོའི་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལྟ་བུ་བརྒྱ་ཐམ་པ་ཡང་བསྡུས་ཏེ་འདུག ཁང་དཀར་ལགས་སོགས་ཀྱིས་རྒྱུ་ཆའི་ཚུལ་དུ་བཏོན་པ་གང་ཞིག་མདའ་སྨྱུག་ལགས་ཀྱིས་གཅིག་གཅིག་གཉིས་གཉིས་སུ་གཏན་ལ་ཕབ་ཚར་ཡོད། གཞན་ཞིག་ནི། ལོག་རྟོགས་སྙིང་སྟོབས་སོགས་མཇལ་ན་ཁོང་གི་ཐོས་པ་དེ་དགེ་འདུན་ཆོས་འཕེལ་དང་མཉམ་པོར་ལྟ་ཆོག་པ་ཞིག་འདུག གང་བྲིས་ཐམས་ཅད་པོ་གཙང་ཆེན་གྲུ་ཡིས་གཤགས་པ་ནང་བཞིན་ཐོགས་ས་ཅི་ཡང་ཡོད་མི་འདུག་སྟེ། རང་རེའི་ཤར་ལྷོ་ཕྱོགས་མཚམས་ནས་བསྒྲུགས་ཁུལ་བྱས་པ་དག་དང་གཏན་མི་འདྲའོ། ཁོང་རྣམས་ཀྱི་ཐོས་པ་དེ་དྲ་ཐོག་པེ་ཏོའི་གཤེར་སྒོའི་ནང་དྲི་བ་ཞིག་བརྒྱབ་པ་བཞིན་ཐམས་ཅད་ཀུན་ཀྱང་ཀློང་དུ་བརྡོལ་ཡོད་འདུག དེའི་རྐྱེན་གྱིས་ཁོ་བོས་རྒྱུན་པར་དགེ་འདུན་ཆོས་འཕེལ་དང་ཚ་བ་མདའ་སྨྱུག་སོགས་ཀྱི་དེ་རྩོམ་སྟངས་ཤིག་དང་རྩོམ་ལུས་ཤིག་ལ་ལྟོས་པ་ཅང་མེད་པར། དཔེ་ཀློག་གི་ཁམས་ཆེན་པོ་ཞིག་གིས་ཐག་བཅད་འདུག་ཅེས་ཟེར་པ་ཡིན་ནོ། དེ་ནི་ལད་མོ་བྱེད་ཐུབ་ས་ཞིག་མིན་ལ་ལད་མོ་བྱས་ཏེ་ཡོང་བ་ཞིག་ཀྱང་མིན། ངེས་པ་དོན་གྱི་མང་ཐོས་ཁོང་འདྲ་བོད་ཙམ་ཕར་ཞོག་འཛམ་གླིང་ཆེན་པོ་འདིར་ཡང་མང་པོ་ཞིག་ཨེ་ཡོད་མི་ཤེས། ཕྱིར་བདག་གི་སྟེང་བབས་ན། ཚ་བ་མདའ་སྨྱུག་གི་ལོག་རྟོགས་སྙིང་སྟོབས་ཤེས་པ་ནས་བཟུང་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཇེ་རྒྱས་ཇེ་ཞིབ་གཏོང་དགོས་སྙམ་པའི་འཆར་གཞི་དེ་ཧྲིལ་གྱིས་མཚམས་བཞག་པ་ཡིན། རྒྱུ་མཚན་ཧ་ཅང་སླ་སྟེ། ངས་བཤད་དགོས་པ་དག་ཁོང་གིས་ཡོངས་སུ་བཤད་ཟིན་ལ། ངས་བཤད་མ་ཤེས་པ་མང་ཞིག་ཀྱང་ཁོང་གིས་བཤད་ཟིན་ཏེ་ཡོད། དེ་ནི་ང་རང་སྤྲོ་དགོས་པའི་དོན་དག་ཅིག་སྟེ། རང་གཅིག་པུའི་སོམ་ཉིའི་མདུད་པ་ཁེར་རྐྱང་དེར་གློ་བུར་དུ་དྲིས་ལན་རྙེད་བྱུང་བས་སོ། ཡང་ན་བསམ་བློ་གཏོང་ཕྱོགས་རང་དང་འདྲ་བ་རེ་གནམ་འོག་ཏུ་མེད་མི་སྲིད་པའི་ཡིད་ཆེས་རྙེད་པས་སོ། འོན་ཀྱང་བགྲང་བྱ་རེ་ཟུང་བསྐྱལ་མ་ཐག ཡང་བསྐྱར་གང་ཞིག་ན་ཅི་ཞིག་ལུས་འདུག་པའམ་ག་རེ་ཆད་ཡོད་པ་ལྟ་བུའི་སེམས་ཁྲལ་རེ་མི་སྐྱེས་ཐུ་མེད་བྱུང་། དེ་ནི་ཅི་ཞིག་ཡིན་སྲིད་དམ། ལར་ཆོས་ལུགས་གང་ཡང་རྟོག་གེའི་རིག་པས་འགྲེལ་ཐབས་མེད་པ་ངས་ད་ལྟ་ཡིན་རུང་ཁས་ལེན། འོན་ཏེ། ཁོ་བོའི་རྩོམ་ཐུང་ཁག་ཡིན་ན་འདྲ། ཚ་བ་མདའ་སྨྱུག་གི་རྩོམ་རིང་དེ་ཡིན་ན་འདྲ། དགག་རྒྱུ་གང་ཞིག་དགག་ཚར་པའི་ཤུལ་དུ་ཆོས་ལུགས་ལ་བསྐྱུར་པའི་སྐད་ཆ་ནི་ཁོ་བོ་ལྟར་ན་ཆོས་ལུགས་གང་ཡང་རིག་གནས་ཤིག་ཡིན་པར་ངེས་པ་རྙེད་ན་ཞེས་པ་དེ་ཙམ་དང་། ཚ་བ་མདའ་སྨྱུག་ཁོང་ལྟར་ན་ངས་དགོས་པའི་དབང་གིས་བཅོས་མའི་དད་པ་ཞིག་བྱེད་ཀྱིན་ཡོད་ཅེས་པ་འདི་ཙམ་རེད། སྟེས་དབང་ཞེས་པ་ཡིན་རྒྱུ་རེད་དེ། དགོན་སྡེའི་དངོས་གཞིའི་སྦྱངས་རིམ་ཁག་ཐད་ཀར་མ་སོང་བའི་ཁོ་བོའི་ངག་དང་ནང་བསྟན་མཚན་ཉིད་རིག་པའི་བསླབ་བྱ་སྐོར་ཞིག་དངོས་སུ་རྫོགས་ཟིན་པའི་ཚ་བ་མདའ་སྨྱུག་གི་གཏམ་གཉིས་མ་བགྲོས་ངང་གིས་ཐོད་ཐུག་ཡོད་ཨང་།…
Category: དཔྱད་རྩོམ།
ཚུལ་ཁྲིམས་བློ་གྲོས་ཀྱིས་སྐད་ཡིག་སྒུལ་སྟངས།
དྷི་ལྷ་ལྡན། ༡ ལེབ་ཀྱིས་བསླངས་པ།ཅི་ཞིག་གི་དུས་ན་བོད་ཀྱི་ཤེས་ཡོན་པའི་སྡེ་ནས་མི་རིགས་ཀྱི་སྲོག་རྩ་དང་། རིག་གཞུང་གི་འགག་སྒོ་ཡོད་ཚད་སྐད་ཡིག་ལ་འབྲེལ་ཡོད་པའི་རྟོགས་པ་སད་དེ་སྐད་ཡིག་གི་ཆེད་དུ་འུར་བརྒྱབ་པ་རེད། རེད་དེ་སྐད་ཡིག་རང་གི་སྲོག་རྩ་ནས་དམ་དུ་བཟུང་ཞིང་། སྐད་ཡིག་རང་གི་ངོ་གདོང་ནས་རླབས་ཆེ་བའི་ལས་དོན་མང་པོ་ཞིག་བསྒྲུབས་པ་སྟེ། བརྡ་འཕྲིན་དུས་རབས་ཀྱི་གཞུང་ལམ་སྟེང་དུ་ཤར་གྱིས་བཞག་པ་དང་། རྒྱལ་སྤྱིའི་སློབ་གྲྭ་ཆེ་ཁག་དག་ཏུའང་བོད་ཡིག་གིས་ས་ཁོང་བཟུང་ཞིང་། སྤྱི་ཚོགས་ཀྱི་ཉེར་མཁོ་མང་དག་ཅིག་ལ་བོད་ཡིག་བཀོལ་སྤྱོད་ཀྱི་གཞི་རྒྱ་ཆེ་རུ་བཏང་བ་སོགས་བྱུང་ཡོད་ནའང་། བོད་པ་རང་རེའི་སྤྱི་དམངས་ཁྲོད་ཀྱི་མི་བུ་སྒེར་བ་རེ་རེ་དང་། རང་ས་རང་ཡུལ་གྱི་འཚོ་བའི་ཁྲོད་ཀྱི་སྐད་ཆའི་འགྱུར་བ་རེ་རེ་ལ་བསྐྲུན་སྤེལ་བཅོས་གསུམ་གང་ཡང་མ་ཐུབ་པར། “བསྲེས་སྐད”དང“་གཞན་སྐད”ཀྱི་གནོན་ཤུགས་འོག་བོད་མིའི་ཕ་སྐད་གཙང་མ་དེའི་སྲོག་དབུགས་རླུང་གསུམ་གྱི་རྒྱུ་བ་གཅོད་ལ་ཁད་པ་དང་། ཕ་སྐད་ཀྱི་གོ་དང་ཐོབ་ཐང་ཡོད་ཚད་འཕྲོག་ཅིང་མཐའ་རུ་སྤྱུགས་ལ་ཁད་པའི་ཚད་དུ་ལྷུང་སོང་བ་རེད། རེད་དེ། ཉེ་ཆར་དགེ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྐད་ཡིག་གི་སྐོར་གྱི་ལེགས་རྩོམ་སྟེ། 《འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་རྣམ་གཞག་ལུག་རྫི་རྒན་པོའི་ཀི་སྒྲ》ཞེས་པ་བརྩམས་གནང་ཞིང་། ཁོང་གིས་མགོ་བརྩམས་ཤིང་བོད་ཡུལ་སྣ་འདུས་ཀྱི་མི་བུ་མང་དག་ཅིག་གིས་ཐ་སྙད་གསར་འདོགས་ཀྱི་མིང་མཛོད་ཅིག་བསྒྲིགས་པ་དེས། བོད་མི་བྱིངས་ལེབ་ཀྱིས་བསླངས་ཤིང་། བོད་དམངས་ཕལ་འུར་གྱིས་སྤུར་ཏེ་ཚང་མ་སྐད་ཡིག་གི་སྟེང་དུ་བསྐོར་སོང་བ་རེད། དེ་ནི་བོད་ཁུལ་ཡོངས་དང་། ལྷག་ཏུ་དམངས་ཁྲོད་ན་ཁོའི་མིང་གི་སྙན་པ་དེས་ལེབ་ཀྱིས་ཁེབས་ཡོད་པས་དཔེ་དེབ་དེ་དག་གི་ནུས་ཤུགས་ཀྱང་ཁོའི་མཚན་སྙན་དང་བསྡོངས་ཏེ་བོད་དམངས་ཁྲོད་དུ་འཛུལ་ཞིང་། ཚང་མས་དགའ་གུས་མོས་གསུམ་གྱིས་དང་དུ་བླངས་ཏེ་རོང་འབྲོག་དམངས་ཁྲོད་ཀྱི་རྒན་པོ་སྐྲ་དཀར་ནས། བྱིས་པ་སོ་དཀར་ཡན་འུར་གྱིས་སྤུར་ཏེ། ཡོངས་ཀྱིས་སློབ་ཅིང་བཀོལ་གྱིས་འདུག་པས། དུས་ད་ལྟ་ནི་འབྲོག་པའི་རྩ་ཐང་དང་། རོང་བའི་ཞིང་ཐང་ཡོངས་ན་བོད་སྐད་གཙང་མ་ཞིག་གི་གླུ་སྐད་སླར་ཡང་སྙན་ལྷང་ལྷང་དུ་གྲགས་ཏེ་འོང་གིན་ཡོད་ན། འདི་ཉིད་བོད་མིའི་རང་གཤིས་སུ་གྲུབ་པའི་ཨ་གསར་དང་འུར་འགྲོགས། ལད་ཟློས་དང་ཚུལ་ཆོས་ཙམ་མིན་པར་ཡུན་གྱིས་བརྟན་ཞིང་བྱིངས་ཀྱིས་ཁྱབ་པའི་རེ་སྨོན་ཡོད་ལ། ཆེན་པོ་དག་གིས་ཀྱང་མར་འཐེན་དང་གཞོག་གཏུབ་སོགས་མི་བྱེད་པར་ཐུན་མོང་གི་དམིགས་ཡུལ་དེར་ཐུན་མོང་གིས་ཤུགས་རྒྱག་པའི་རེ་འདུན་ཀྱང་ཡོད། ༢ ཤིང་རྟའི་ལམ་སྲོལ།བོད་ཀྱི་སྤྱི་དམངས་ཁྲོད་དེ་འདྲའི་བསྲེས་སྐད་དང་གཞན་སྐད་མང་པོ་ཞིག་འཛུལ་ཏེ་འོང་བའི་རྒྱུ་མཚན་མེད་པ་མིན་ཏེ། ༡ ཁོར་ཡུག་གི་གནོན་ཤུགས་ཏེ། རང་ས་རང་ཡུལ་ནས་ཀྱང་བོད་མི་རྣམས་གྲངས་ཉུང་མི་རིགས་སུ་གྱུར་ཞིང་། ཕ་ས་ཕ་ཁྱིམ་ནས་ཀྱང་རང་གི་ཕ་སྐད་དེས་རང་གི་ལྟོ་གོས་འཚོལ་བ་དང་། སྨན་ཁང་དང་དངུལ་ཁང་སོགས་འཚོ་བའི་ཁྲོད་ཆེས་ཆེར་འབྲེལ་དགོས་པ་དག་ཏུའང་ས་ཆོད་མེད་པ་དེས་གཞན་སྐད་ཅིག་མི་ཤོདཀྱང་ཨེ་འཁྲོལ་དང་། མི་འཁྱོངས་ཀྱང་ཨེ་ཤོད་ཅིག་མི་ལྟ་ག་མེད་དུ་གྱུར་སོང་བ་རེད། ༢ གསར་བྱུང་གི་དངོས་རྫས་དང་གསར་དར་གྱི་བྱ་ལས་སྣ་ཚོགས་པ་དེ་དག་ལ་བོད་རང་གི་ཐ་སྙད་ཅིག་མེད་སོང་དུས། བོད་རང་གི་ཕ་སྐད་ཀྱིས་བཤད་འདོད་ཀྱང་ཐབས་མེད་དུ་གྱུར་ཏེ་ཡོད་པ་རེད། དེ་བས་གནད་དོན་སྔ་མ་དེ་ནི་ཐག་གཅོད་གཞན་ཞིག་ནས་འཚོལ་དགོས་པ་ལགས་མོད། ཕྱི་མ་དེ་ནི་ཁོང་ཁོང་གིས་མགོ་བརྩམས་ཏེ་བསྒྲུབས་པའི་ཐ་སྙད་གསར་འདོགས་ཀྱི་ལས་དོན་གཉེར་སྟངས་འདི་ག་ལས་མེད་པ་རེད། སྤྱིར་སྟངས་བཤདན་དེའི་ཡར་སྔོན་ནས་ཀྱང་ཐ་སྙད་གསར་འདོགས་ལ་ཤུགས་རྒྱག་མཁན་ཡོད་འདུག་མོད། དེ་དག་གིས་དེ་ཙམ་གཡོ་འགུལ་བཟོ་མ་ཐུབ་ཅིང་། འདི་ཉིད་ཀྱིས་ལེབ་ཀྱི་བསླངས་ཤིང་ཡོངས་ཀྱི་སྤུར་བ་དེས་འུ་ཚོའི་གནའ་བོའི་གཞུང་ལུགས་ནས་བྱུང་བའི་ཐ་སྙད་ཅིག་སྦྱར་ན་ཤིང་རྟའི་སྲོལ་འབྱེད་ཅེས་པ་དེར་གྱུར་ཡོད་པ་སྟེ། མིང་མཛོད་འདིའི་རྐྱེན་གྱིས་སྔོན་ཆད་བསྒྲིགས་ཤིང་དཔེ་ཆའི་ཁྲོད་སྐད་མེད་དུ་གཉིད་ཡོད་པ་དག་གི་ནུས་ཤུགས་ཀྱང་ཧྲིལ་གྱིས་བསླངས་བཞག་པ་དེས། ཀློག་མཁན་ཙམ་མིན་པར་ཐ་སྙད་གསར་འདོགས་ཀྱི་ལས་དོན་སྒྲུབ་མཁན་དག་ལའང་བཀའ་དྲིན་ཆེ་བ་ཞིག་ཏུ་འཁུམས། དེ་བས་སྔོན་ཆད་ནས་ཀྱང་རྣམ་གཞག་འདི་ཡོད་པ་ལགས་པས་གསར་བཏོད་ཅིག་མིན་ནའང་། རྒྱ་ཆེན་པོར་སྤེལ་ཞིང་། ཡོངས་ཁྱབ་ཀྱིས་སྒུལ་བ་དེས་ཤིང་རྟའི་ལམ་སྲོལ་འབྱེད་མཁན་དུ་གྱུར་ཡོད་པ་སྟེ། གཞུང་ལུགས་ཆེན་པོ་ཞིག་དཔེ་རུ་དྲངས་ན། ཡིག་ཆ་འགའ་ཞིག་ཏུ་སངས་རྒྱས་བསྐྱངས་ཀྱིས་དབུ་མ་ཐལ་འགྱུར་བའི་རྣམ་གཞག་བཀྲོལ་བར་བྱས་ནའང་། རྒྱས་བསྡུས་དང་རྒྱ་ཁྱབ་ཆེ་ཆུང་ཞིག་གིས་རྐང་ལམ་ཙམ་ལས་ཤིང་རྟའི་སྲོལ་འབྱེད་དུ་གྱུར་མ་ཐུབ་ཅིང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཐལ་འགྱུར་བའི་རྣམ་གཞག་ལུང་རིག་གིས་རྒྱས་པར་གཏན་ལ་ཕབ་ཅིང་། ཡོངས་ཁྱབ་ཏུ་བཏང་བ་དེས་ཁོང་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་གྱུར་སོང་བ་ལྟ་བུའོ།…
མཆིན་ནད་། (Hepatitis B)
རྩོམ་པ་པོ། སྨན་པ་རིག་འཛིན་བཟང་མོ། མཆིན་ནད་དུག་ཐབས་སམ་ཧེ་པ་ཀྲ་ཀྲི་སི་སྦི་ཡི་སྐོར་རགས་ཙམ་གླེང་བ།དེང་དུས་ནུབ་ལུགས་པས་གྲགས་ཆེ་བའི་ནད་གཞི་ཧེ་པ་ཀྲ་ཡེ་ཀྲི་སི་སྦི་ཞེས་པ་བོད་ལུགས་ནས་དྭངས་མ་མ་ཞུ་མཁྲིས་ནད་དུག་ཐབས་ཡིན་པར་འདོད། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལྟར་སྨྲས་ན་ནད་གཞི་འདི་གསར་པ་ཞིག་མིན་པར་གནའ་དུས་ནས་ཡོད་པ་ཞིག་ཡིན།༡༽ རྒྱུ། ཕྱི་ལུགས་པས་ནད་འདི་རྒྱུ་རྐྱེན་སྲིན་རིགས་ཁོ་ན་ལས་འབྱུང་ཞེས་པ་རང་ལུགས་ལྟར་ན་གཙོ་ཆེར་ཕོ་བའི་བད་མཁྲིས་རླུང་གསུམ་གྱི་མེ་དྲོད་མཐུ་ཞན་པས་ཁ་ཟས་དྭངས་སྙིགས་ཕྱེ་མ་ནུས་ཤིང༌། སྙིགས་མ་དྭངས་མའི་རྩ་སྦུབས་སུ་ཤོར་བ་ཟུངས་སུ་མ་སྨིན་པར་ངན་ཁྲག་རྒྱས་ཏེ་མཆིན་རྩར་གནས་པ་ལྷན་སྐྱེས་སྲིན་དང་བསྡོངས་ནས་ནད་ཀུན་འབྱུང་བར་འགྱུར་ངེས།༢༽ སློང་རྐྱེན། རྒྱུད་ལས་ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤོང་ཞེས་པ་ལྟར་ནད་སློང་རྐྱེན་གཙོ་བོ་ཟས་སྤྱོད་གཉིས་ལས། དང་པོ་ཁ་ཟས་སུ་རྒྱུན་དུ་ཚ་སྐྱུར་ཤས་ཆེ་བ་ཆང་རག་དང༌། ཤིང་ཏོག་མ་སྨིན་པ་དང་སྐྱུར་མོའི་རིགས། འཇུ་དཀའ་བའི་རིགས། འོ་མ་གྲང་མོ། སྔོ་ངད་རྗེན་ཚལ། ཤ་ཤིན་ཏུ་རིད་པའམ་མི་གཙང་བ། ཚིལ་སྣུམ་རིགས་བསྟེན་དྲགས་པ། གཞན་ཡང་མར་དང༌། སྣུམ་ནང་དུ་བརྔོ་བསྲེག་བྱས་པའི་སྒོ་ང་དང་ཤ རྒྱུ་མ་དང་གློ་བ། སྟར་ཁའི་འབྲས་བུ་དང་བ་དམ་ལ་སོགས་པ་སྣུམ་ལྡན་གྱི་རིགས། རུལ་སུངས་ཀྱི་རིགས། ཕྱུར་ར་རྙིང་པའམ་རུལ་པ། ཕག་ཤ་སོགས་བསྙལ་ཤའི་རིགས། གཉིས་པ་སྤྱོད་ལམ་སེམས་ལ་ཞེ་སྡང་དྲག་པོ་སྐྱེས་ནས་ལུས་ཁམས་འཁྲུགས་པའམ་ཡང་ན་དལ་བར་འདུག་དང་མྱ་ངན་སེམས་དུབ་ཀྱིས་ལུས་ཁམས་ཀྱི་ནད་འགོག་ནུས་པ་ཆུང་དུ་ཕྱིན་ཏེ་ནད་དུག་དེ་ཉིད་རིམས་ནད་གཞན་དང་འདྲ་བར་འགོས་ཁྱབ་ཡོང་གི་ཡོད། མདོར་ན་རྒྱུ་རྐྱེན་གཙོ་བོ་ཟས་དང་སྤྱོད་ལམ་གཉིས་ཁོ་ནར་རག་ལས་པ་མཆིན་ནད་ལེའུ་ལས་ཀྱང་རྒྱུ་རྐྱེན་ཚ་སྐྱུར་ཟས་དང་དྲག་ཤུལ་སྐྱེད་ཅེས་གསུངས་སོ།།༣༽ ནད་རྟགས། ནད་གཞི་འདི་ཆུང་ངུའི་སྐབས་མངོན་ཚུལ་གྱི་རྟགས་གསལ་པོ་མེད་ཀྱང་སྔར་ཚུལ་གྱི་སྐབས་སུ། ཁྲག་གི་ཆུ་སེར་ལ་རྐྱེན་བྱུང་བ། ཕོ་བ་དང་རྒྱུ་མའི་བྱ་ལས་མི་བདེ་ཞིང་ཆུ་མདོག་སེར་བ། ཆམ་རིམས་ལྟ་བུའི་ནད་གཞིས་ཟིན་པ་སོགས་འབྱུང༌། དེ་རྗེས་རིམ་པས་དུས་ཡུན་གང་འཚམས་སོང་རྗེས། དང་ག་ཞན། ཞེ་མེར་ཞིང་སྐྱུག ངལ་དུབ་ཆེ། གྲོད་ཁོག་ན་ཞིང་སྦོ། རྩིབ་མ་གཡས་ཀྱི་སྟེང་གཟེར་ཞིང་ཚིགས་གཞི་ན། བཤང་བའི་མདོག་སྐྱ་བའམ་དཀར། མགོ་ན། ཆུ་མདོག་མར་ནག་འདྲ་བ་དང༌། སྨུག་ཤས་ཅན། དམར་སེར་ལྡན་པ། དྲི་དུགས་པ། ལྦུ་ཚེག་སྒྲ་བཅས་སངས་སྐྱེན། འཇུ་སྟོབས་ཞན། ཕོ་བ་སྦོ་ལ་སྐབས་རེ་གཟེར། ལྗིད་ཚད་ཆགས། སྐབས་རེ་བཤང་བའི་ནང་ཁྲག་འདྲེས་པའམ་ནག་པོར་འབྱུང༌། སྣ་ཁྲག་འབྱུང༌། མཐའ་མཇུག་མཆིན་པ་རུལ་ནས་དུད་ཁུར་ལུ་བ་ཡིན།༤༽ ནད་འགོ་སྟངས། ལུས་ཁམས་ཀྱི་ནད་འགོག་ནུས་པ་ཆུང་དུ་ཕྱིན་པའི་སྐབས་སུ་མཆིན་པའི་ཁྲག་སྲིན་གྱི་ནད་འབུ་ཡོད་པའི་མི་དང་འབྲེལ་ཐུག་དངོས་སུ་བྱུང་བའམ་ཡང་ན་བརྒྱུད་ནས་བྱུང་བ་གང་ཡང་རུང་བ་ལས་ཁྲག་སྲིན་དེ་ཉིད་ཁྲག་གམ་ལུས་ཀྱི་ཆུ་སེར་གང་རུང་གི་རྨ་ཁ་དང་རྩ་ལམ་བརྒྱུད་གཅིག་ནས་གཅིག་ལ་འགོ་བ་ཡིན། གཞན་ཡང་མ་ནད་བུ་ལ་ལྷུང་བའི་ལྷན་སྐྱེས་ཀྱི་ལམ་ནས་འགོས་ཁྱབ་ཡོང་བ་ཡང་ཡོད། ཁྲག་གསབ་བརྒྱུད་ནས་འགོ་བ་བཅས་མདོར་ན་ཁྲག་དང་ཆུ་སེར་བརྒྱུད་ནས་འགོ་བ་མ་གཏོགས་ནད་གཞི་འདི་ཡོད་པའི་མི་དང་ལྷན་དུ་སྐད་ཆ་ཤོད་སྐབས་ཁ་རླངས་ཕོག་པ་དང༌། ཟ་མ་ཟ་བ། ལག་པ་བཏང་བ།…
སྐྱེ་བ་སྔ་ཕྱི།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས། གོང་དུ་ཤི་དུས་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པའི་སྒྲུབ་བྱེད་བཤད་ཟིན་པར་བརྟེན་ཡང་མི་ལ་ལའི་སེམས་ནང་ཤི་དུས་ཆོས་ཀྱིས་ཕན་གྱི་ཡོད་ནའང་འདྲ། ཕན་གྱི་མེད་ནའང་འདྲ། གང་ལྟར་སྐྱེ་བ་སྔ་ཕྱི་ཟེར་བ་དེ་ནི་ཤོད་ཚུལ་ཙམ་ལས་དངོས་སུ་ཨེ་ཡོད་སྙམ་པ་ཡོང་སྲིད་པར་བརྟེན་སྐྱེ་བ་སྔ་ཕྱི་ཡོད་པའི་རྒྱུ་མཚན་འདི་བྱུང་བ་རེད། སྐྱེ་བ་སྔ་ཕྱི་ཡོད་པའི་སྐོར་དེ་རིག་པ་ཧ་ཅང་གཏིང་ཟབ་པོ་ཡོད་ཅིང་། ཚད་མ་རིག་པ་ལེའུ་གཉིས་པའི་ནང་གཙོ་བོ་སྐྱེ་བ་སྔ་ཕྱིའི་སྐོར་བཤད་ཡོད། འདིར་མདོར་བསྡུས་ཙམ་ཞུས་ན། སྐྱེ་བ་སྔ་ཕྱི་ཟེར་བ་མེད་ཅེས་བཤད་ན་དེའི་ལན་དུ་འདི་ལྟར་སྟེ། ཤི་བའི་རྗེས་སུ་རང་གི་རྣམ་ཤེས་དེ་མེད་པར་འགྲོ་མི་སྲིད་པར་སྐྱེ་བ་རྗེས་མ་ཡོད་པར་འདོད་ལ། འོ་ན་འཇིག་རྟེན་ཐོག་གི་དངོས་པོ་ཚང་མ་དང་པོ་སྐྱེ་བ། བར་དུ་གནས་པ། མཐའ་མ་འཇིག་པའམ་མེད་པར་འགྲོ་བ་ནི་ལྡོག་ཐབས་མེད་པའི་ཆོས་ཉིད་ཅིག་ཡིན་པས་རྣམ་ཤེས་ཀྱང་ཆོས་ཉིད་དེ་ལས་ལྡོག་ཏུ་མེད་པས་ད་དུང་སྐྱེ་བ་རྗེས་མར་འགྲོ་ཟེར་བ་དེ་མེད་པར་ལུས་པོ་ཤི་བའི་རྗེས་སུ་རྣམ་ཤེས་ཀྱང་མེད་ཅེས་བཤད་ཚེ་སངས་རྒྱས་ཆོས་ལུགས་པས་རྣམ་ཤེས་ནི་ལུས་པོ་ཁོ་ནར་བརྟེན་ནས་བྱུང་བ་ཞིག་མིན་པར་དཔེར་ན་ནས་དང་། གྲོ། སྲན་མ། འབྲས། ཤིང་། ལྕགས་སོགས་ཚང་མ་འཇིག་རྟེན་འདིའི་ཐོག་གི་དངོས་པོ་སྤྱིར་བཏང་བ་ཤ་སྟག་ཡིན་ནའང་དེ་ཚོ་ཚང་མར་སོ་སོ་ཆགས་ཡས་ལ་སོ་སོ་དང་རིགས་འདྲ་བའི་རྒྱུ་ཞིག་ངེས་པར་དགོས་ཤིང་། རིགས་མི་འདྲ་བའི་རྒྱུ་ལ་བརྟེན་ནས་རིགས་འདྲ་བའི་འབྲས་བུ་ཡོང་མི་སྲིད་དེ་དཔེར་ན་གྲོ་བཏབ་ན་གྲོ་དང་། སྲན་མ་བཏབ་ན་སྲན་མ་སྐྱེ་བ་ལས་གྲོ་ལ་སྲན་མ་དང་སྲན་མར་གྲོ་སོགས་སྐྱེ་མི་སྲིད་པས་འཇིག་རྟེན་ཐོག་གི་དངོས་པོ་སྤྱིར་བཏང་རྣམས་ཀྱང་དེ་ལྟར་ཡིན་ན་རྣམ་ཤེས་ནི་ལོས་ཡིན། གང་ཞེ་ན། རྣམ་ཤེས་ནི་ཕྱི་རོལ་ཡུལ་གྱི་དངོས་པོ་ངོས་འཛིན་བྱེད་པའི་ནུས་པ་ཡོད་པ་དང་། དངོས་པོ་ལ་བཀོད་འདོམས་བྱེད་ཐུབ་མཁན། དངོས་པོའི་ཆོས་ཉིད་ལ་ཤེས་རྟོགས་བྱེད་ཐུབ་མཁན། འཕེལ་རྒྱས་འགྲོ་བའི་ནུས་པ་ཆེན་པོ་ཡོད་པ་བཅས་དངོས་པོ་གཞན་དང་མི་འདྲ་བ་ཚད་མཐོ་པོ་ཞིག་ཡིན་པས་དངོས་པོ་ཚད་མཐོ་པོ་འདི་འདྲ་ཞིག་གི་རྒྱུ་དེ་རང་དང་རིགས་འདྲ་བ་ཞིག་མེད་ན་དངོས་པོ་དེ་ཡང་མི་སྲིད། འོ་ན་ཁྱེད་ཀྱི་རྣམ་ཤེས་དེ་གང་ནས་བྱུང་བ་རེད་དམ་ཞེས་དྲིས་ན་མི་མང་ཆེ་བས་ཕལ་ཆེར་རང་གི་རྣམ་ཤེས་དེ་ཨ་མའི་ཁོག་ནས་སྐྱེ་བའི་ཉིན་དེ་ནས་བྱུང་ཞེས་ཤོད་བཟོ་ཡོད། འོན་ཀྱང་དེ་འདྲ་མིན་ཏེ་ཨ་མའི་ཁོག་པའི་ནང་ཟླ་དགུ་ངོ་བཅུ་གནས་ཚང་གཡར་རིང་ཚ་གྲང་གི་སྡུག་བསྔལ་ཧ་ཅང་མང་པོ་མྱོང་དགོས་པ་དཔེར་ན་ཨ་མས་ལྟོ་ཆས་ཚ་པོ་བཟའ་དུས་ཚ་བའི་སྡུག་བསྔལ་དང་། ལྟོ་ཆས་གྲང་མོ་བཟའ་དུས་གྲང་བའི་སྡུག་བསྔལ། ཨ་མས་ལམ་དུ་མཆོངས་རྒྱག་རྒྱག་དུས་གཡང་དུ་ལྷུང་བའི་སྡུག་བསྔལ། ཨ་མས་ཐོག་ཁར་འཛེགས་དུས་རང་གིས་དངོས་པོ་ཆེན་པོ་ཞིག་ཡར་བཀྱག་པ་ལྟ་བུའི་སྡུག་བསྔལ། ཨ་མ་ལྟོ་ཟ་ཡས་མང་དྲག་ན་རང་ཉིད་རི་ཆེན་པོ་ཞིག་གིས་མནན་པ་ལྟ་བུའི་སྡུག་བསྔལ་སོགས་ཚོར་བ་དེ་འདྲ་ཡོང་གི་ཡོད་པ་མ་ཟད། སྐྱེ་བའི་སྐབས་སུའང་ཨ་མའི་ཁོག་པའི་ནང་ནས་མགོ་རྟིང་ལོག་རྗེས་རང་གི་ཤུགས་དང་ཨ་མའི་ཤུགས་གཉིས་ཀས་འདེད་དེ་རང་གི་ལུས་པོ་དེ་ལྕགས་ཀྱི་བུ་ག་ཆུང་ཆུང་ཞིག་ནང་བཙིར་ནས་མར་འཐེན་པ་ལྟ་བུའི་སྡུག་བསྔལ་ཡོད་སྟབས་སྐྱེ་མ་ཐག་སྐད་ཤུགས་གང་ཡོད་ཀྱིས་ངུ་བ་དེ་སྡུག་བསྔལ་དེ་དངོས་སུ་ཚོར་སྣང་ཡོང་གི་ཡོད་པའི་རྟགས་ཡིན་པར་བརྟེན་ཨ་མའི་ཁོག་ནང་དུ་ཡོད་དུས་ནས་རྣམ་ཤེས་མེད་ན་ཚོར་བ་དེ་དག་ཡོང་ཐབས་མེད་པས་ཚོར་བ་ཡོང་ཡས་ཀྱི་རྣམ་ཤེས་དེ་ལ་ཁོ་དང་རིགས་མཐུན་པའི་རྣམ་ཤེས་ཤིག་ཡོད་དགོས་པ་ལས་རྒྱུ་རྐྱེན་གང་ཡང་མེད་པར་གློ་བུར་དུ་བྱུང་བ་ཞིག་མིན། འོ་ན་ཨ་མའི་ཁོག་པའི་ནང་ཡོད་པའི་ཕྲུ་གུ་དེའི་རྣམ་ཤེས་དེ་ལ་རྒྱུ་ཞིག་ངེས་པར་ཡོང་སྲིད་ལ་དེ་ཡང་རིགས་མི་འདྲ་བའི་རྒྱུ་ཞིག་རྩ་བ་ནས་མིན་པས་ཡང་སྙིང་རིགས་འདྲ་བའི་རྒྱུ་དེ་ཕ་མ་གཉིས་ཀྱི་ཁོག་ཏུ་ཡོད་དང་ཡང་ན་དེ་མིན་གང་དུ་ཡོད་ཅེ་ན། དེ་ནི་རང་གི་རྣམ་ཤེས་ཀྱི་རྒྱུ་ཞིག་ལས་ཕ་མ་གཉིས་ཀྱི་ལུས་ཐོག་ནས་བྱུང་བ་ཞིག་མིན། དེས་ན་ད་ལྟའི་རང་གི་རྣམ་ཤེས་དེའི་རྒྱུ་དེ་སུའི་རྣམ་ཤེས་ཡིན་ནམ་ཞེ་ན། དེའི་རིག་པ་ཧ་ཅང་གཏིང་ཟབ་པོ་ཡོད་དེ་ཨ་མའི་ཁོག་པའི་ནང་གི་ཕྲུ་གུ་དེའི་རྣམ་ཤེས་ཀྱི་རྒྱུ་དེ་རང་དང་རིགས་འདྲ་བ་ཞིག་ཡིན་པ་ལས་རིགས་མི་འདྲ་བ་ལ་བརྟེན་ནས་ཡོང་མི་སྲིད་ལ། རིགས་འདྲ་བའི་རྒྱུ་ནི་རྣམ་ཤེས་ཤིག་རང་ལས་རྣམ་ཤེས་མིན་པའི་རྒྱུ་ཞིག་གིས་རྣམ་ཤེས་ཀྱི་རྒྱུ་བྱེད་མི་ཐུབ་པ་དཔེར་ན་ལྕགས་ལ་ལྕགས་ཆགས་ཐུབ་པའི་རྒྱུ་ཞིག་དང་གྲོ་ལ་གྲོ་ཆགས་ཐུབ་པའི་རྒྱུ་ཞིག་དགོས་པ་ལྟར་རྣམ་ཤེས་ལ་རྣམ་ཤེས་ཆགས་ཐུབ་པའི་རྒྱུ་ཞིག་དགོས་པ་ལས་རྣམ་ཤེས་མ་ཡིན་པ་ཞིག་རྣམ་ཤེས་ཀྱི་རྒྱུ་ལ་བསྒྱུར་ཏེ་རྣམ་ཤེས་ཆགས་པ་ཞིག་རྩ་བ་ནས་ཡོང་མི་སྲིད། དེས་ན་རང་གི་རྣམ་ཤེས་དེའི་རྒྱུ་རྣམ་ཤེས་ཤིག་ཡིན་པ་གཏན་འཁེལ་རེད། འོ་ན་རྣམ་ཤེས་དེ་པ་ཕའི་རྣམ་ཤེས་ཡིན་དང་། ཨ་མའི་རྣམ་ཤེས་ཡིན། ཡང་ན་ཕ་མ་ཟུང་གི་རྣམ་ཤེས་བསྡོམས་ནས་བྱུང་བ་ཡིན་ནམ་ཞེ་ན། དེ་ཕ་མ་གཉིས་ཀ་དང་འབྲེལ་བ་མེད་པར་སོ་སོ་རང་གི་རྣམ་ཤེས་ཡིན་ཏེ་དཔེར་ན་པ་ཕའི་རྣམ་ཤེས་ལས་བྱུང་བ་ཡིན་ན་པ་ཕ་རིག་པ་སྐྱོ་པོ་གང་ཡང་མི་ཤེས་མཁན་ཞིག་ལ་ཕྲུ་གུ་ཡང་དེ་དང་འདྲ་བ་ཞིག་ཡོད་དགོས་པ་དང་། གལ་ཏེ་ཨ་མའི་རྣམ་ཤེས་ལས་བྱུང་བ་ཡིན་ན་ཨ་མ་ཞེ་སྡང་དང་ང་རྒྱལ་ཚ་པོ་ཡོད་པ་ཞིག་ལ་ཕྲུ་གུ་ཡང་དེ་དང་འདྲ་བ་ཞིག་དགོས་པས་དེ་ནི་གཏན་འཁེལ་མེད། དེར་བརྟེན་རྣམ་ཤེས་དེ་རང་གི་རང་གི་རྣམ་ཤེས་ཡིན་པ་བརྗོད་མི་དགོས། དེ་ལ་རྒྱུ་མཚན་ལྔ་ཡོད། ༡. རང་གི་ལུས་པོ་དེ་རྣམ་ཤེས་ཆགས་ཡས་ཀྱི་རྒྱུ་མིན་པ། ༢. ཕ་མའི་ལུས་པོ་དེ་ཡང་རང་གི་རྣམ་ཤེས་ཆགས་ཡས་ཀྱི་རྒྱུ་མིན་པ། ༣. དབུགས་ནི་རྣམ་ཤེས་ཆགས་ཡས་ཀྱི་རྐྱེན་ཡིན་པ་ལས་རྒྱུ་མིན་པ། ༤ .མ་ཡི་མངལ་དུ་ཉིང་མཚམས་སྦྱར་བའི་སྐབས་ཀྱི་རྣམ་ཤེས་དེ་ལ་རིགས་སྔ་མ་ཡོད་པ། ༥. འཆི་ཁའི་དུས་ཀྱི་སེམས་དེས་རྣམ་ཤེས་ཕྱི་མ་མཚམས་སྦྱོར་བྱེད་པ་བཅས་ཡིན། ༡….
ཀོ་རློན་གྱི་ཞྭ་མོ།
རྩོམ་པ་པོ། ནོར་བུ་དོན་ལྡན། ༄། ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་ “ཀྲུང་གོའི་གསར་འགྱུར་དྲ་བ་” ཟེར་བའི་ནང་། “བོད་བརྒྱུད་ནང་བསྟན་གྱི་དགོན་པ་དོ་དམ་བྱེད་ཐབས་” ཁྱབ་བསྒྲགས་བྱས་གནས་སྐོར་གནས་ཚུལ་ཞིག་སྤེལ་འདུག་པའི་ནང་། བོད་བརྒྱུད་ནང་བསྟན་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་དང་སྤྱི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་བྱེད་མི་ཆོག་པ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་བར་ཆད་བྱེད་མི་ཆོག་པ། རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པ་དང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པའི་ལས་འགུལ་སྤེལ་མི་ཆོག་པ། ཕྱི་ནང་གི་ཁ་བྲལ་སྟོབས་ཤུགས་རྐྱེན་ཐེབས་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་། མེས་རྒྱལ་ཁ་བྲལ་དུ་གཏོང་བའི་བྱ་འགུལ་མི་ཆོག་པ། ཏཱ་ལའི་རུ་ཚོགས་ཀྱིས་བོད་ཁུལ་ཟིང་ཆ་སློང་བ་དང་ཁ་བྲལ་དུ་གཏོང་བའི་ངན་ཇུས་སྤེལ་བར་འགོག་རྒོལ་དགོས་ལུགས་སྐོར་སོགས་མི་ཆོག་མི་འགྲིགས་པ་ཤ་སྟག་བཀོད་པ་ཞིག་ཐོན་འདུག། གཡས་ལ་སྤྱན་དང་། གཡོན་ལ་མིག་གི་དཔེ་བཞིན་ཁྱབ་ཁོངས་མི་རིགས་ལ་དབྱེ་འབྱེད་བྱེད་ན་མི་ཆོག་པའི་ཁ་སྙན་ཕུགས་ངན་གྱི་ཁྲིམས་སྒྲིག་བརྒྱ་བཟོས་ནའང་། དེ་ནས་ཐར་བའི་ལམ་སྟོང་ཕྱེ་རྒྱུ་ཡིན་པ་ཆོས་ཉིད་ཡིན། རྒྱ་ནག་ལ་ཁྲིམས་དང་སྒྲིག་གཞི་ཟེར་བ་འགྲེམས་སྟོན་གྱི་ཡོ་ཆས་ཡོད་རུང་དོན་ངོ་མའི་ཐོག་རྒྱ་གཞུང་གིས་གང་བཤད་གང་བྱས་ཁྲིམས་རེད། ཡུལ་གོམས་གཤིས་ལུགས་ལ་སྲུང་བརྩི་ཟེར་ཡང་ཡུལ་གོམས་གཤིས་ལུགས་ལ་བརྩི་མེད་རྡོག་རོལ་གཏོང་མཁན་སུ་ཡིན་ང་ཚོ་ཚང་མས་ཤེས་གསལ་ཡིན། ལུས་ལ་སེན་བཏོག་བརྒྱབ་ན། ཨ་ཚ་ཞེས་སྐད་ངན་ཤོར་བ་ལྟར་བོད་མིར་སྡང་ཟུག་དང་། བོད་མིའི་བློ་ལ་མི་བབས་པའི་བྱེད་ཕྱོགས་ལག་བསྟར་བྱས་སྟབས་དེ་ལ་གྱེན་ལོག་བྱས་པ་ནི་འུ་ཐུག་པའི་བྱེད་ཕྱོགས་ཤིག་ལས་ཕྱི་ནང་གི་སྟོབས་ཤུགས་ཀྱི་ཤུགས་རྐྱེན་དང་འབྲེལ་བ་གང་ཡང་མེད། ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་ད་བར་མི་ལོ་ ༥༠ ལྷག་ཙམ་རིང་བོད་མིའི་ཐོག་གདུག་རྩུབ་དྲག་གནོན་དང་། ངན་སེམས་བཅངས་པའི་སློབ་གསོ་དྲིལ་བསྒྲགས་ཇི་བྱས་ཀྱིས་བོད་མི་མགུ་ཐུབ་པ་ག་རེ་བཟོ་ཐུབ་སོང་། འཇིགས་སྣང་དང་དངངས་སྐྲག་འོག་ནས་བདེ་སྐྱིད་ག་འདྲ་སེ་ཡོང་གི་རེད། ཕྱིའི་ཁྲ་ཁྲ་ཟིང་ཟིང་གིས་ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་བྱེད་པ་ནི་ལྐུག་རྟགས་རྒྱུགས་སྤྲོད་བྱས་པ་རེད། ཁས་སྐྱིད་པོ་བཤད་པ་དེས། སེམས་པའི་སྡུག་བསྔལ་སེལ་མི་ཐུབ། ཕྱི་རྗིག་པ་ལས་ནང་སྣུམ་ན་དགའ། བོད་ཕྱི་ནང་དུ་གནས་པའི་བོད་མི་འདས་གསོན་ཀུན་གྱི་གློ་སྙིང་བྲང་གསུམ་བསྟན་ཡུལ་ྋསྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེར་མཚན་སྨད་སྐྱོན་འཛུགས་བྱས་དང་བྱེད་བཞིན་དུ་བོད་མི་མང་དང་སེམས་ཐག་ཉེ་པོ་ཡོང་རེ་བྱས་པ་ནི་རྩིས་ལོག་ཐེབས་པ་རེད། ཆོས་ཕྱོགས་ཀྱི་འགྲོ་སྟངས་འགྲོ་ལུགས་དང་གནད་དོན་གང་ཡང་མི་ཤེས་པའི་ཆབ་སྲིད་པས་དགོན་པའི་ལམ་ལུགས་བཅོས་བསྒྱུར་ཟེར་བ་ནི་སངས་རྒྱས་ཀྱི་དབུ་ལ་བྱིས་པའི་ལག་རྩེད་རྩེད་པ་མིན་ན་ཅི་ཡིན། རྩ་ཁྲིམས་ནང་ཆོས་དད་རང་དབང་ཡོད་ལུགས་མ་ཎི་བགྲང་པ་ལྟར་བགྲངས་པ་དང་། གཏམ་བཤད་བྱས་ཚད་ལ་ཆོས་ལུགས་རང་དབང་ཡོད་ལུགས་བཤད་བཞིན། དོན་དུ་ཆོས་ལུགས་བྱེད་སྒོར་ཉེ་དུས་ལམ་ལུགས་ལ་བཅོས་བསྒྱུར་བྱས་ཡོད་། ཕྱི་ལོ་ ༢༠༠༠ ལོ་ནས་ྋགོང་ས་ཆེན་པོའི་སྐུ་དཔར་སྒྲིག་གཤོམ་མི་ཆོག་པ་དང་། སྐུ་དཔར་བཞུགས་ཡོད་མེད་བསྔོགས་བཤེར་བྱས་པ། འཁྲུངས་ལྷ་དབྱར་གསོལ་སྲུང་བརྩི་མི་ཆོག་པའི་ཁྲིམས་ཐོག་ནས་བཀའ་རྒྱ་བཏང་བ། བསངས་གསོལ་བཏང་ན་བཏང་དོན་ཇི་ཡིན་བསུན་གཙེར་བཟོས་པ། གསེར་རྟ་བླ་རུང་ཆོས་སྡེར་མཚོན་ན། ཕྱི་ལོ་ ༡༩༩༦ ལོར་བོད་ཡུལ་ཡོངས་སུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་འགོ་འཛུགས་བྱས་པ་ལྟར་གསེར་རྟ་བླ་རུང་ཆོས་སྡེར་ཡང་དམིགས་བསལ་གྱི་དམ་དྲག་བྱེད་འགོ་བཙུགས་པ་རེད། ཕྱི་ལོ་ ༡༩༩༩ ལོར་གལ་སྲིད་གྲ་བཙུན་རྣམས་རང་འགུལ་གྱིས་སོ་སོའི་ཕ་ཡུལ་དུ་མ་ལོག་ན་གྲ་ཤག་གཏོར་བཤིག་དམ་དྲག་དང་།…