རྩོམ་པ་པོ། སྨན་པ་རིག་འཛིན་བཟང་མོ།
མཆིན་ནད་དུག་ཐབས་སམ་ཧེ་པ་ཀྲ་ཀྲི་སི་སྦི་ཡི་སྐོར་རགས་ཙམ་གླེང་བ།
དེང་དུས་ནུབ་ལུགས་པས་གྲགས་ཆེ་བའི་ནད་གཞི་ཧེ་པ་ཀྲ་ཡེ་ཀྲི་སི་སྦི་ཞེས་པ་བོད་ལུགས་ནས་དྭངས་མ་མ་ཞུ་མཁྲིས་ནད་དུག་ཐབས་ཡིན་པར་འདོད། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལྟར་སྨྲས་ན་ནད་གཞི་འདི་གསར་པ་ཞིག་མིན་པར་གནའ་དུས་ནས་ཡོད་པ་ཞིག་ཡིན།
༡༽ རྒྱུ། ཕྱི་ལུགས་པས་ནད་འདི་རྒྱུ་རྐྱེན་སྲིན་རིགས་ཁོ་ན་ལས་འབྱུང་ཞེས་པ་རང་ལུགས་ལྟར་ན་གཙོ་ཆེར་ཕོ་བའི་བད་མཁྲིས་རླུང་གསུམ་གྱི་མེ་དྲོད་མཐུ་ཞན་པས་ཁ་ཟས་དྭངས་སྙིགས་ཕྱེ་མ་ནུས་ཤིང༌། སྙིགས་མ་དྭངས་མའི་རྩ་སྦུབས་སུ་ཤོར་བ་ཟུངས་སུ་མ་སྨིན་པར་ངན་ཁྲག་རྒྱས་ཏེ་མཆིན་རྩར་གནས་པ་ལྷན་སྐྱེས་སྲིན་དང་བསྡོངས་ནས་ནད་ཀུན་འབྱུང་བར་འགྱུར་ངེས།
༢༽ སློང་རྐྱེན། རྒྱུད་ལས་ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤོང་ཞེས་པ་ལྟར་ནད་སློང་རྐྱེན་གཙོ་བོ་ཟས་སྤྱོད་གཉིས་ལས། དང་པོ་ཁ་ཟས་སུ་རྒྱུན་དུ་ཚ་སྐྱུར་ཤས་ཆེ་བ་ཆང་རག་དང༌། ཤིང་ཏོག་མ་སྨིན་པ་དང་སྐྱུར་མོའི་རིགས། འཇུ་དཀའ་བའི་རིགས། འོ་མ་གྲང་མོ། སྔོ་ངད་རྗེན་ཚལ། ཤ་ཤིན་ཏུ་རིད་པའམ་མི་གཙང་བ། ཚིལ་སྣུམ་རིགས་བསྟེན་དྲགས་པ། གཞན་ཡང་མར་དང༌། སྣུམ་ནང་དུ་བརྔོ་བསྲེག་བྱས་པའི་སྒོ་ང་དང་ཤ རྒྱུ་མ་དང་གློ་བ། སྟར་ཁའི་འབྲས་བུ་དང་བ་དམ་ལ་སོགས་པ་སྣུམ་ལྡན་གྱི་རིགས། རུལ་སུངས་ཀྱི་རིགས། ཕྱུར་ར་རྙིང་པའམ་རུལ་པ། ཕག་ཤ་སོགས་བསྙལ་ཤའི་རིགས། གཉིས་པ་སྤྱོད་ལམ་སེམས་ལ་ཞེ་སྡང་དྲག་པོ་སྐྱེས་ནས་ལུས་ཁམས་འཁྲུགས་པའམ་ཡང་ན་དལ་བར་འདུག་དང་མྱ་ངན་སེམས་དུབ་ཀྱིས་ལུས་ཁམས་ཀྱི་ནད་འགོག་ནུས་པ་ཆུང་དུ་ཕྱིན་ཏེ་ནད་དུག་དེ་ཉིད་རིམས་ནད་གཞན་དང་འདྲ་བར་འགོས་ཁྱབ་ཡོང་གི་ཡོད། མདོར་ན་རྒྱུ་རྐྱེན་གཙོ་བོ་ཟས་དང་སྤྱོད་ལམ་གཉིས་ཁོ་ནར་རག་ལས་པ་མཆིན་ནད་ལེའུ་ལས་ཀྱང་རྒྱུ་རྐྱེན་ཚ་སྐྱུར་ཟས་དང་དྲག་ཤུལ་སྐྱེད་ཅེས་གསུངས་སོ།།
༣༽ ནད་རྟགས། ནད་གཞི་འདི་ཆུང་ངུའི་སྐབས་མངོན་ཚུལ་གྱི་རྟགས་གསལ་པོ་མེད་ཀྱང་སྔར་ཚུལ་གྱི་སྐབས་སུ། ཁྲག་གི་ཆུ་སེར་ལ་རྐྱེན་བྱུང་བ། ཕོ་བ་དང་རྒྱུ་མའི་བྱ་ལས་མི་བདེ་ཞིང་ཆུ་མདོག་སེར་བ། ཆམ་རིམས་ལྟ་བུའི་ནད་གཞིས་ཟིན་པ་སོགས་འབྱུང༌། དེ་རྗེས་རིམ་པས་དུས་ཡུན་གང་འཚམས་སོང་རྗེས། དང་ག་ཞན། ཞེ་མེར་ཞིང་སྐྱུག ངལ་དུབ་ཆེ། གྲོད་ཁོག་ན་ཞིང་སྦོ། རྩིབ་མ་གཡས་ཀྱི་སྟེང་གཟེར་ཞིང་ཚིགས་གཞི་ན། བཤང་བའི་མདོག་སྐྱ་བའམ་དཀར། མགོ་ན། ཆུ་མདོག་མར་ནག་འདྲ་བ་དང༌། སྨུག་ཤས་ཅན། དམར་སེར་ལྡན་པ། དྲི་དུགས་པ། ལྦུ་ཚེག་སྒྲ་བཅས་སངས་སྐྱེན། འཇུ་སྟོབས་ཞན། ཕོ་བ་སྦོ་ལ་སྐབས་རེ་གཟེར། ལྗིད་ཚད་ཆགས། སྐབས་རེ་བཤང་བའི་ནང་ཁྲག་འདྲེས་པའམ་ནག་པོར་འབྱུང༌། སྣ་ཁྲག་འབྱུང༌། མཐའ་མཇུག་མཆིན་པ་རུལ་ནས་དུད་ཁུར་ལུ་བ་ཡིན།
༤༽ ནད་འགོ་སྟངས། ལུས་ཁམས་ཀྱི་ནད་འགོག་ནུས་པ་ཆུང་དུ་ཕྱིན་པའི་སྐབས་སུ་མཆིན་པའི་ཁྲག་སྲིན་གྱི་ནད་འབུ་ཡོད་པའི་མི་དང་འབྲེལ་ཐུག་དངོས་སུ་བྱུང་བའམ་ཡང་ན་བརྒྱུད་ནས་བྱུང་བ་གང་ཡང་རུང་བ་ལས་ཁྲག་སྲིན་དེ་ཉིད་ཁྲག་གམ་ལུས་ཀྱི་ཆུ་སེར་གང་རུང་གི་རྨ་ཁ་དང་རྩ་ལམ་བརྒྱུད་གཅིག་ནས་གཅིག་ལ་འགོ་བ་ཡིན། གཞན་ཡང་མ་ནད་བུ་ལ་ལྷུང་བའི་ལྷན་སྐྱེས་ཀྱི་ལམ་ནས་འགོས་ཁྱབ་ཡོང་བ་ཡང་ཡོད། ཁྲག་གསབ་བརྒྱུད་ནས་འགོ་བ་བཅས་མདོར་ན་ཁྲག་དང་ཆུ་སེར་བརྒྱུད་ནས་འགོ་བ་མ་གཏོགས་ནད་གཞི་འདི་ཡོད་པའི་མི་དང་ལྷན་དུ་སྐད་ཆ་ཤོད་སྐབས་ཁ་རླངས་ཕོག་པ་དང༌། ཟ་མ་ཟ་བ། ལག་པ་བཏང་བ། གོས་མཉམ་བསྲེས་བྱེད་པ་སོགས་ནས་འགོ་བ་མིན།
༥༽ སྔོན་འགོག ནད་མ་ཕོག་སྔོན་ནས་དོ་སྣང་དགོས་པ། དེང་དུས་སྔར་དང་མི་འདྲ་བར་འཕྲུལ་ཆས་ཀྱི་ཆ་རྐྱེན་ལེགས་པས་ནད་གཞི་ཡོད་མེད་བརྟག་དཔྱད་བྱེད་དགོས་པ་དང༌། མེད་ན་སྔོན་འགོག་གི་ཁབ་རྒྱག་དགོས་པ་ཡིན། སྔོན་དུ་བརྗོད་པ་ལྟར་རྒྱུ་རྐྱེན་དང་འགོ་སྟངས་སོགས་ལ་རྒྱུན་དུ་དོ་སྣང་བྱེད་དགོས་པ་མ་ཟད། ནད་གཞི་འདི་ཡོད་པ་ཚོས་གོང་གསལ་ལྟར་རྒྱུན་དུ་ཟས་སྤྱོད་ཀྱི་སྤང་བླང་དང་སྨན་བཅོས་ཚུལ་བཞིན་བྱེད་རྒྱུ་དང༌། རང་གི་ནད་དེ་གཞན་ལ་མི་འགོ་བ་བྱེད་རྒྱུ་ཧ་ཅང་གལ་ཆེ།
༦༽ འགོས་ཉེན་ཆེ་བའི་རིགས། སྨན་པ་དང༌། སྨན་གཡོག ཁྲག་བརྟག་དཔྱད་བྱེད་མཁན། བུ་ནང་ཁུལ་བཤང་ལམ་དུ་འཁྲིག་པ་སྤྱོད་མཁན། ནད་གཞི་འདི་ཡོད་པའི་བཟའ་ཟླར་ལུས་འབྲེལ་བྱེད་མཁན། གང་བྱུང་ལོག་གཡེམ་བྱེད་མཁན། རྩ་ལམ་བརྒྱུད་སྦྲིད་སྨན་བེད་སྤྱོད་གཏོང་མཁན། ཨ་མར་ནད་གཞི་འདི་ཡོད་པའི་ཕྲུ་གུ། སྐྲ་ཁང་དང་སྨན་ཁང་ནང་ནས་སྐྲ་གྲི་དང་སྨན་ཁབ་དུག་སེལ་མ་བྱས་པ་བེད་སྤྱོད་བྱེད་མཁན་སོགས་ཡིན།
༧༽ ཟས་སྤྱོད་སྤང་བླང་བྱ་ཚུལ། དང་པོ་སྤང་བྱའི་ཟས་སྐོམ། ཚ་སྐྱུར་གྱི་རིགས། དཔེར་ན་ཁ་ཟས་ནང་སི་པན་དང༌། ཤ་སྨན་དྲོད་ཆེའི་རིགས་མང་པོ་བླུགས་པ། ཆང་དང་ཨ་རག མཚུར། ཨིམ་ལི། ལིམ་བུ། ཤིང་ཏོག་མ་སྨིན་པ་སྐྱུར་མོའི་རིགས། ཆུ་མངར་མོའི་རིགས། ཤིང་ཏོག་ཁུ་བ་བཅོས་མའི་རིགས་དང༌། ལྕགས་ཀྲིན་ནང་ལ་རུལ་སུངས་ཀྱི་འགོག་རྫས་བླུགས་པའི་ཁ་ཟས་རིགས་དང༌། ཞག་ཚིལ་གྱི་རིགས། ཤ་ཚིལ་ཅན་དང༌། མར་རྙིང་པ། སྣུམ་དང་ཞག་མར་མང་པོའི་ནང་བརྔོ་བསྲེག་བྱས་པ་རྒྱ་གར་གྱི་ས་མོ་ས་དང་པ་ཀོ་ར། ཆོ་ལེ་བྷ་ཌོ་ར། པུ་རི་ལྟ་བུ། བྱ་སྒོང་བརྔོས་མ་དང་སྒོ་ངའི་སེར་རིལ། སྟར་ཁའི་འབྲས་བུ་དང་བ་དམ་ལ་སོགས་པ་སྣུམ་ལྡན་གྱི་རིགས། རུལ་སུངས་ཀྱི་རིགས། ཕྱུར་ར་རྙིང་པའམ་རུལ་པ། ཕག་ཤ་སོགས་བསྙལ་ཤའི་རིགས། པད་ཚལ་དང་ལ་ཕུག་གྲང་ཚལ་སོགས་རྗེན་ཚལ་དང༌། སོན་ལ་ཕུག་བསྙལ་བ་སྐྱུར་མོའི་(Pickle)རིགས། ཤ་སྐམ་པོ་དང་རྗེན་པ་སོགས་ཤིན་ཏུ་འཇུ་དཀའ་བའི་རིགས་ངེས་པར་དུ་སྤང་དགོས།
གཉིས་པ་སྤང་བྱའི་སྤྱོད་ལམ། ལུས་རྩོལ་བས་བཅགས་པའམ་ལུས་རྩལ་ཤུགས་ཆེའི་རིགས་དང༌། ཞིང་ལས་དང་དོ་བོ་འོར་འདྲེན་སོགས་ཤུགས་ལས་ཀྱི་རིགས། མེ་ཉི་ལ་སོགས་ཚ་དྲོད་ཆེ་བའི་སར་འགྲོ་སྡོད་ལས་གསུམ་བྱེད་པ་སྤང་དགོས། མྱ་ངན་སེམས་ལས་སྡུག་བསྔལ་དང༌། ཞེ་སྡང་དངངས་སྐྲག་གི་རིགས་ཞི་ཐབས་བྱ་དགོས།
གསུམ་པ་བླང་བྱའི་ཟས་སྐོམ། ཁ་ཟས་བསིལ་འཇམ་འཇུ་སླ་བའི་རིགས་བསྟེན་དགོས་པ་དཔེར་ན། འབྲས་སོགས་འབྲུ་རིགས་དང༌། སྔོ་ཚལ་སོགས་རླངས་བཅོས་དང་ཆུར་བཙོས་པ་ལ་སྡོར་ཉུང་ཙམ་བརྒྱབ་པ་བསྟེན་ན་འཕྲོད་ཆེ། ཤ་རིགས་སྐབས་རེ་ཕྲན་བུ་གཟུགས་ཁམས་ཀྱི་བབས་དང་བསྟུན་ནས་ཟ་རྒྱུ་ཡང་དབྱར་སོས་དང༌། སྟོན་དུས་སུ་ཉུང་ཙམ་བསྟེན་དགོས། སྤང་དགོས་པའི་ཤིང་ཏོག་ཕུད་དེ་མིན་ལེགས་པར་སྨིན་པའི་ཤིང་ཏོག་འདྲ་མིན་དང༌། དེ་དག་གི་ཁུ་བ་སོས་པ་མང་ཉུང་རན་ཙམ་འཐུང་དགོས། ཁ་སྤྲི་མེད་པའི་འོ་མ་དང་ཞོ་དར་བ་སོགས་དང༌། ཚ་ཇ་དང་མངར་ཇ་ཀོ་ཧཕི་སོགས་གར་པོ་མ་ཡིན་པ་འཐུང་ཆོག དེ་བཞིན་སྨན་རྩིས་ཁང་ནས་བཟོ་སྐྲུན་བྱས་པའི་སྨན་ཇ་དང་མཁྲིས་ཇ་འོས་འཚམས་འཐུང་དགོས་ལ། ཆུ་ཁོལ་མའམ་ཁོལ་གྲང་གང་མང་ཡུལ་དུས་དང་གནམ་གཤིས་ལ་བསྟུན་ནས་འཐུང་དགོས་པ་ཡིན།
བཞི་པ་བླང་བྱའི་སྤྱོད་ལམ། སྤྱིར་གོང་གསལ་སློང་རྐྱེན་གྱི་ཟས་སྤྱོད་རྣམས་དོ་སྣང་ཆེན་པོའི་ངང་སྤང་དགོས་པ་དང༌། ལྷག་པར་ཆང་རག་དང་ཐ་མག་སོགས་སྨྱོ་རྫས་ཀྱི་རིགས་ངེས་པར་དུ་སྤང་དགོས། དེ་བཞིན་བསིལ་སར་ལུས་སེམས་ཞི་ལྷོད་ངང་རང་གི་བློ་དང་མཐུན་པའི་གྲོགས་བཟང་པོ་དང་ལྷན་དུ་གནས་ན་སྨན་བཅོས་ཀྱི་ནུས་པ་མྱུར་བར་ཐོན་ཐུབ་པའི་ཁྱད་ཆོས་ལྡན་པ་ཡིན།
མཆིན་ནད་དུག་ཐབས་ཀྱི་ནད་གཞི་འདི་དེང་སང་འཛམ་གླིང་གི་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཡོད་པ་དང༌།ལྷག་པར་དུ་མཆིན་པའི་བྱེད་ལས་ཡར་རྒྱས་ཕྱིན་པ་དང༌། ཕོ་མཆིན་ཉམས་རྒུད་དུ་ཕྱིན་པ་ལས་སྐྱོབ་པ་སོགས་ཀྱི་ནུས་པ་ཐོན་ཡོད་པས། ནད་གཞི་དེ་ཡང་སྔར་ཚུལ་གྱི་སྐབས་མངོན་ཚུལ་གསལ་པོ་མེད་པར་བག་ལ་ཉལ་བའི་ཚུལ་ལྟ་བུ་ཞིག་ལ་གནས་ཤིང༌། རྐྱེན་གློ་བུར་བ་དང་འཕྲད་ཚེ་སྲོག་ལ་རྒོལ་བ་ཞིག་ཡིན་པར་བརྟེན། གསོ་དཔྱད་སྨན་པའི་ངག་དང་ཟས་སྤྱོད་ཀྱི་སྤང་བླང་རྣམས་ལྷོད་ཡང་དུ་མི་འགྲོ་བར་ཚུལ་བཞིན་བསྟེན་རྒྱུའི་གནད་འགག་འདི་ནི་ནད་མེད་བདེ་བར་འདོད་པ་ཚང་མས་ངེས་པར་དུ་ཤེས་དགོས་པས་མ་ཚད། ལྷག་པར་དུ་ནད་གཞི་སྔོན་འགོག་ཆེད་རང་ལས་གཞན་གཅེས་པའི་ཀུན་སློང་བཟང་པོས་མཆིན་ནད་འདིའི་ནད་འབུ་མི་གཞན་ལ་འགོས་ཁྱབ་མི་འགྲོ་བའི་ཐབས་ལམ་མཁྱེན་རྟོགས་ཀྱིས་ལག་བསྟར་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེའོ།།
ནད་གཞི་འདི་ལ་མཆིན་པའི་གཉན་ཚད་སྦི།ཟེར་ན་འགྲིག་གམ།