རྩོམ་པ་པོ། ནོར་བུ་དོན་ལྡན།
༄། ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་ “ཀྲུང་གོའི་གསར་འགྱུར་དྲ་བ་” ཟེར་བའི་ནང་། “བོད་བརྒྱུད་ནང་བསྟན་གྱི་དགོན་པ་དོ་དམ་བྱེད་ཐབས་” ཁྱབ་བསྒྲགས་བྱས་གནས་སྐོར་གནས་ཚུལ་ཞིག་སྤེལ་འདུག་པའི་ནང་། བོད་བརྒྱུད་ནང་བསྟན་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་དང་སྤྱི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་བྱེད་མི་ཆོག་པ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་བར་ཆད་བྱེད་མི་ཆོག་པ། རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པ་དང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པའི་ལས་འགུལ་སྤེལ་མི་ཆོག་པ། ཕྱི་ནང་གི་ཁ་བྲལ་སྟོབས་ཤུགས་རྐྱེན་ཐེབས་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་། མེས་རྒྱལ་ཁ་བྲལ་དུ་གཏོང་བའི་བྱ་འགུལ་མི་ཆོག་པ། ཏཱ་ལའི་རུ་ཚོགས་ཀྱིས་བོད་ཁུལ་ཟིང་ཆ་སློང་བ་དང་ཁ་བྲལ་དུ་གཏོང་བའི་ངན་ཇུས་སྤེལ་བར་འགོག་རྒོལ་དགོས་ལུགས་སྐོར་སོགས་མི་ཆོག་མི་འགྲིགས་པ་ཤ་སྟག་བཀོད་པ་ཞིག་ཐོན་འདུག།
གཡས་ལ་སྤྱན་དང་། གཡོན་ལ་མིག་གི་དཔེ་བཞིན་ཁྱབ་ཁོངས་མི་རིགས་ལ་དབྱེ་འབྱེད་བྱེད་ན་མི་ཆོག་པའི་ཁ་སྙན་ཕུགས་ངན་གྱི་ཁྲིམས་སྒྲིག་བརྒྱ་བཟོས་ནའང་། དེ་ནས་ཐར་བའི་ལམ་སྟོང་ཕྱེ་རྒྱུ་ཡིན་པ་ཆོས་ཉིད་ཡིན། རྒྱ་ནག་ལ་ཁྲིམས་དང་སྒྲིག་གཞི་ཟེར་བ་འགྲེམས་སྟོན་གྱི་ཡོ་ཆས་ཡོད་རུང་དོན་ངོ་མའི་ཐོག་རྒྱ་གཞུང་གིས་གང་བཤད་གང་བྱས་ཁྲིམས་རེད། ཡུལ་གོམས་གཤིས་ལུགས་ལ་སྲུང་བརྩི་ཟེར་ཡང་ཡུལ་གོམས་གཤིས་ལུགས་ལ་བརྩི་མེད་རྡོག་རོལ་གཏོང་མཁན་སུ་ཡིན་ང་ཚོ་ཚང་མས་ཤེས་གསལ་ཡིན། ལུས་ལ་སེན་བཏོག་བརྒྱབ་ན། ཨ་ཚ་ཞེས་སྐད་ངན་ཤོར་བ་ལྟར་བོད་མིར་སྡང་ཟུག་དང་། བོད་མིའི་བློ་ལ་མི་བབས་པའི་བྱེད་ཕྱོགས་ལག་བསྟར་བྱས་སྟབས་དེ་ལ་གྱེན་ལོག་བྱས་པ་ནི་འུ་ཐུག་པའི་བྱེད་ཕྱོགས་ཤིག་ལས་ཕྱི་ནང་གི་སྟོབས་ཤུགས་ཀྱི་ཤུགས་རྐྱེན་དང་འབྲེལ་བ་གང་ཡང་མེད།
ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་ད་བར་མི་ལོ་ ༥༠ ལྷག་ཙམ་རིང་བོད་མིའི་ཐོག་གདུག་རྩུབ་དྲག་གནོན་དང་། ངན་སེམས་བཅངས་པའི་སློབ་གསོ་དྲིལ་བསྒྲགས་ཇི་བྱས་ཀྱིས་བོད་མི་མགུ་ཐུབ་པ་ག་རེ་བཟོ་ཐུབ་སོང་། འཇིགས་སྣང་དང་དངངས་སྐྲག་འོག་ནས་བདེ་སྐྱིད་ག་འདྲ་སེ་ཡོང་གི་རེད། ཕྱིའི་ཁྲ་ཁྲ་ཟིང་ཟིང་གིས་ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་བྱེད་པ་ནི་ལྐུག་རྟགས་རྒྱུགས་སྤྲོད་བྱས་པ་རེད། ཁས་སྐྱིད་པོ་བཤད་པ་དེས། སེམས་པའི་སྡུག་བསྔལ་སེལ་མི་ཐུབ། ཕྱི་རྗིག་པ་ལས་ནང་སྣུམ་ན་དགའ། བོད་ཕྱི་ནང་དུ་གནས་པའི་བོད་མི་འདས་གསོན་ཀུན་གྱི་གློ་སྙིང་བྲང་གསུམ་བསྟན་ཡུལ་ྋསྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེར་མཚན་སྨད་སྐྱོན་འཛུགས་བྱས་དང་བྱེད་བཞིན་དུ་བོད་མི་མང་དང་སེམས་ཐག་ཉེ་པོ་ཡོང་རེ་བྱས་པ་ནི་རྩིས་ལོག་ཐེབས་པ་རེད། ཆོས་ཕྱོགས་ཀྱི་འགྲོ་སྟངས་འགྲོ་ལུགས་དང་གནད་དོན་གང་ཡང་མི་ཤེས་པའི་ཆབ་སྲིད་པས་དགོན་པའི་ལམ་ལུགས་བཅོས་བསྒྱུར་ཟེར་བ་ནི་སངས་རྒྱས་ཀྱི་དབུ་ལ་བྱིས་པའི་ལག་རྩེད་རྩེད་པ་མིན་ན་ཅི་ཡིན། རྩ་ཁྲིམས་ནང་ཆོས་དད་རང་དབང་ཡོད་ལུགས་མ་ཎི་བགྲང་པ་ལྟར་བགྲངས་པ་དང་། གཏམ་བཤད་བྱས་ཚད་ལ་ཆོས་ལུགས་རང་དབང་ཡོད་ལུགས་བཤད་བཞིན། དོན་དུ་ཆོས་ལུགས་བྱེད་སྒོར་ཉེ་དུས་ལམ་ལུགས་ལ་བཅོས་བསྒྱུར་བྱས་ཡོད་།
ཕྱི་ལོ་ ༢༠༠༠ ལོ་ནས་ྋགོང་ས་ཆེན་པོའི་སྐུ་དཔར་སྒྲིག་གཤོམ་མི་ཆོག་པ་དང་། སྐུ་དཔར་བཞུགས་ཡོད་མེད་བསྔོགས་བཤེར་བྱས་པ། འཁྲུངས་ལྷ་དབྱར་གསོལ་སྲུང་བརྩི་མི་ཆོག་པའི་ཁྲིམས་ཐོག་ནས་བཀའ་རྒྱ་བཏང་བ། བསངས་གསོལ་བཏང་ན་བཏང་དོན་ཇི་ཡིན་བསུན་གཙེར་བཟོས་པ།
གསེར་རྟ་བླ་རུང་ཆོས་སྡེར་མཚོན་ན། ཕྱི་ལོ་ ༡༩༩༦ ལོར་བོད་ཡུལ་ཡོངས་སུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་འགོ་འཛུགས་བྱས་པ་ལྟར་གསེར་རྟ་བླ་རུང་ཆོས་སྡེར་ཡང་དམིགས་བསལ་གྱི་དམ་དྲག་བྱེད་འགོ་བཙུགས་པ་རེད།
ཕྱི་ལོ་ ༡༩༩༩ ལོར་གལ་སྲིད་གྲ་བཙུན་རྣམས་རང་འགུལ་གྱིས་སོ་སོའི་ཕ་ཡུལ་དུ་མ་ལོག་ན་གྲ་ཤག་གཏོར་བཤིག་དམ་དྲག་དང་། གྲྭ་བཙུན་རྣམས་བཙན་ཤེད་ཀྱིས་རང་ཡུལ་དུ་སྐྱེལ་རྒྱུ་ཡིན་ལུགས་ཀྱི་སྡིགས་ར་དང་འཇིགས་བསྐུལ་བྱས་ཡོད།
ཕྱི་ལོ་ ༢༠༠༡ ལོརརྒྱ་ནག་གི་ཞིང་ཆེན་ ༢༡ ཁོངས་ཀྱི་ལས་བྱེད་དང་། རྒྱ་དམག་བརྒྱ་ཕྲག་མང་པོའི་ཐོག། མཚོན་ལྡན་རླངས་འཁོར་གྲངས་མང་ཆེད་འབྱོར་གྱིས་ཆོས་སྡེ་དེར་བོད་རིགས་གྲྭ་བཙུན་ ༨༨༠༠ སྐོར་དང་རྒྱ་རིགས་གཏན་སྡོད་སློབ་མ་ཆིག་སྟོང་སྐོར་བཅས་ཡོད་པ་ནས་ཐོག་མར་རྒྱ་རིགས་སློབ་མ་ཁག་གི་གྲ་ཤག་གཏོར་བཤིག་དང་། ཕྱི་ཟླ་ ༦ ཚེས་ ༢༧ ཉིན་གྱི་ཞོགས་པའི་ཚོུད་ ༩ དང་སྐར་མ་ ༡༥ ཐོག་ཐོག་མར་བཙུན་མའི་ཆོས་སྡེ་ནས་ཁང་པ་རེ་རེ་བཞིན་རྩ་གཏོར་བཏང་། དེ་ནས་རིམ་གྱིས་གྲ་ཤག་གཏོར་བཤིགས་བཏང་སྟེ་ཁྱོན་ཕྱི་ཟླ་ ༦ ཚེས་ ༢༧ ནས་ཕྱི་ཟླ་༧ ཚེས་ ༡༢ བར་གྲ་ཤག་ ༢༢༠༠ ལྷག་རྩ་གཏོར་བཏང་། གྲ་པ་ཆིག་སྟོང་དང་བཙུན་མ་བཞི་བརྒྱ་མ་གཏོགས་སྡོད་མི་ཆོག་པའི་བཙན་བཀའ་བཏང་སྟེ་གྲ་བཙུན་འཕྲོད་ལྷག་རང་ཡུལ་དུ་ཕྱིར་འབུད་བྱས། གོང་གསལ་གྲ་བཙུན་ ༡༤༠༠ སློབ་གླིང་དེར་མུ་མཐུད་སྡོད་ཆོག་པའི་ལག་འཁྱེར་བོད་རྒྱ་གཉིས་ཐོག་ཡོད་པའི་ཐོག་དེ་དག་གི་གྲ་ཤག་ལ་དམིགས་བསལ་གྱི་སྒོ་རྟགས་བརྒྱབ་ཡོད་རུང་། ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༢༦ ཉིན་ཆོས་སྡེ་ཁོངས་གཏོགས་སྒོ་རྟགས་ཅན་གྱི་བཞུགས་ཤག་དེ་ཚོ་ཡང་གཏོར་བཤིགས་བཏང་བ་དང་། ཆོས་སྡེར་ལས་བྱེད་དང་སྲུང་དམག་གཏན་འཛུགས་བྱས་ཡོད་པ་རེད།
དེ་ལྟར་རང་གིས་སྤྲད་པའི་ཡིག་ཆར་རང་གིས་བརྩི་མེད་བཏང་མཁན་གྱི་གཞུང་ལ་རེ་བ་བརྒྱབ་ས་འདུག་གམ། ཡིད་ཆེས་བློ་གཏད་ཡོང་ས་རེད་དང་མ་རེད་བསམ་གཞིགས་བྱེད་དང་། དེ་དང་དེ་འདྲའི་སྔར་བཤད་ཕྱིས་འགལ་དང་། ཁྲིམས་སྒྲིག་ཡིག་ཆར་གསལ་བ་ལས་བྱེད་པས་བརྩི་མེད་བཏང་བ་སོགས་ས་གནས་ལས་བྱེད་པས་དབུས་གཞུང་གི་བཀའ་རེད་ཟེར་བ་དང་། དབུས་གཞུང་གིས་ས་གནས་ལས་བྱེད་པས་བྱེད་སྟངས་མ་ཤེས་པ་རེད་སོགས་ཕན་ཚུན་ཁག་དཀྲི་བྱས་པའི་གནས་ཚུལ་བརྗོད་ཀྱིས་མི་ལངས་པ་ཡོད།
དེ་བཞིན་ལྷོ་ཁ་གྲྭ་ནང་རྫོང་ཁོངས་སུ་ཆགས་པའི་བསམ་ཡས་སུ་བསམ་ཡས་དགོན་པའི་སྦྱིན་བདག་གྲས་རྒྱ་ནག་ཀོང་ཀྲོའུ་ནས་ཡིན་པའི་རྒྱ་རིགས་གཉིས་ནས་མི་དམངས་ཤོག་སྒོར་འབུམ་བརྒྱད་ཙམ་འགྲོ་སོང་བཏང་སྟེ་གསེར་ཟངས་ལས་གྲུབ་པའི་གུ་རུའི་སྣང་བརྙན་ཆེན་པོ་ཞིག་གསར་བཞེངས་ཞུས་ཡོད་པ་དེ་ཕྱི་ལོ་ ༢༠༠༧ ཟླ་ ༥ པའི་ཟླ་དཀྱིལ་ནང་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་འབྲེལ་ཡོད་ཚན་པས་ཉེན་རྟོག་དམག་མི་བཏང་སྟེ། དེ་ཉིན་མཆོད་མཇལ་ཡོང་མཁན་དད་ལྡན་དང་། བསམ་ཡས་ཉེ་འཁོར་དུ་ཡོད་པའི་གྲྭ་བཙུན་ཚུན་ཕར་འགྲོ་ཚུར་འོང་མི་ཆོག་པ་བྱས་ཏེ་སྐུ་བརྙན་གཏོར་བཤིགས་བཏང་ཡོད། འོན་ཀྱང་ལོ་དེའི་ཕྱི་ཟླ་༦ ཚེས་ ༤ ཉིན་ཀྲུང་གོའི་བོད་ཀྱི་ཆ་འཕྲིན་དྲ་རྒྱ་ཞེས་པའི་ཐོག། བསམ་ཡས་དགོན་པའི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་ནས་རང་འགུལ་ཐོག་བཤིག་གཏོར་བྱས་ཚུལ་གནས་ཚུལ་སྤེལ་ཡོད། གཞུང་གནས་ནས་རྫུན་བཤད་ན་དྲང་པོའི་རེ་བ་གང་ནས་འཚོལ་དགོས། ཁྲིམས་དཔོན་གྱིས་ཁྲིམས་མ་དྲང་ན་ཁྲིམས་གཏུགས་སུ་ལ་བྱེད་དགོས་རེད། དེ་ལྟར་སྔ་ཚིག་ཕྱི་འགལ་བྱས་ཏེ་རང་གི་རྔོ་ལོ་རང་གིས་འཕྱར་བ་ཡིན།
༢༠༠༧/༧/༡༨ ཉིན་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་སྐོར་ཡིག་ཆ་སྤེལ་བའི་ནང་། ཞིང་ཆེན་ངམ་རང་སྐྱོང་ཀྱི་ཆོས་ལུགས་ལས་དོན་སྡེ་ཚན་དང་། རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་ཅུས། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་འབྲེལ་ཡོད་སོ་སོས་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཆོག་པའི་བཀའ་འཁྲོལ་དང་བཅས་ཆོག་མཆན་མེད་པར་ངོས་འཛིན་བྱེད་མི་ཆོག་པ་དང་། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལ་རྒྱལ་ཁབ་ཀྱི་ཕྱི་ལོགས་ཀྱི་སྒྲིག་འཛུགས་སུ་ཞིག་གིས་ཀྱང་ཐེ་གཏོགས་དང་ཁ་ལོ་བསྒྱུར་མི་ཆོག་ཅེས། དོན་སྙིང་མི་ལོ་ ༡༢༨༨ སོང་བའི་ལམ་ལུགས་ལ་བཅོས་བསྒྱུར་བྱས་ཡོད།
མངའ་རིས་སྒེར་རྩེ་རྫོང་ཁོངས། དར་ཆེན་ཤང་། བླ་མ་དབང་ཐང་རིན་པོ་ཆེའི་རྒྱང་གྲགས་དགོན་པའི་ཉེ་འདབས་སུ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་མཐོ་ཚད་ཐོག་བརྩེགས་གཉིས་ཡོད་པ་ཞིག་གསར་བཞེངས་ཞུས་པ་དེ་ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཚོུད་ ༧ ཐོག་རྒྱ་དམག་གོ་ལག་མཉམ་འཁྱེར་གྲངས་ ༥༠༠ ཙམ་རླང་འཁོར་ནང་འབྱོར་ཏེ་དྲག་སྤྱོད་པའི་བྱེད་སྟངས་དང་ཁྱད་པར་མེད་པ་སྐུ་བརྙན་གཏོར་བཤིགས་བཏང་བ་དང་།
བོད་མི་ནི་ཕྱི་མི་རེད། རྒྱ་ནག་རང་ལའང་རང་དབང་ཡོད་མེད་ཉེ་པའི་ཆར་རྒྱ་ནག་གི་མཐོ་རིམ་ཤེས་ཡོན་ཅན་གྱི་བསམ་ཡོད་མི་སྣ་མྱོང་ཅན་ཟུར་པ་མང་པོ་ཞིག་གིས་རྒྱ་ནག་རྒྱ་ཆེའི་མང་ཚོགས་ལ་སྨྲ་བརྗོད་དང་འདྲི་རྩོམ་གྱི་རང་དབང་དགོས་འདུན་བཏོན་པ་ནི་ཤ་ཚའི་དགོངས་འཆར་ཡང་དག་པ་ཞིག་རེད། དེ་བཞིན་དེ་སྔ་རྒྱ་ནག་གི་སྲིད་འཛིན་ལིའུ་ཤེ་ནན་གྱི་སྲས་མོའི་སྐུ་ཟླ་རྒྱལ་ཁབ་ཀྱི་སྲུང་སྐྱོབ་སློབ་གཉེར་ཁང་གི་མཁའ་དམག་དམག་སྤྱི་གྲས་ལིའུ་ཡཱརྫོ་ནས་ཀྱང་སྲིད་གཞུང་དང་རང་གི་ཕྱག་སྦྲེལ་དམག་སྤྱི་གཞན་རྣམས་ལ་རྒྱ་ནག་འདི་བཞིན་ཨ་རིའི་ལུགས་ལྟར་དམངས་གཙོའི་ལམ་ལུགས་ཐོག་བསྐྱོད་ན་རབ་དང་། དེ་མིན་དེ་སྔ་རུ་སུར་བྱུང་བ་ལྟར་འཐོར་ཞིག་འགྲོ་རྒྱུ་གཉིས་གང་འོས་དགའ་འདེམས་བྱེད་པའི་དུས་ལ་སླེབས་སྐོར་ཧོང་ཀོང་གི་དུས་དེབ་ཤིག་ནང་གནས་ཚུལ་སྤེལ་ཐོན་བྱུང་ཡོད། དགོངས་ཚུལ་འདི་དུས་ཚོད་དང་མཐུན་པའི་མང་ཚོགས་ཀྱི་རང་དབང་ཁེ་ཕན་དང་འབྲེལ་བའི་རླབས་ཆེན་གྱི་དགོངས་པ་ཡིན་པ་དུས་ཚོད་འགྲོ་གིན་གསལ་རྟོགས་ཡོང་རྒྱུ་ཡིན། དེ་ལྟར་རྒྱ་རིགས་ཀྱིས་སྐད་ངན་ཤོར་ན། བོད་མིར་ཁག་ག་རེ་འདུག་གམ།
ཆབ་འབངས་གཅིག་པ་ཡིན་ན་གཡས་མདའ་ལ་མ་ཕྱོགས། གཡོན་གཞུ་ལ་མ་ཕྱོགས་པ། བྱམས་བརྩེའི་གཅེས་སྐྱོང་ལ་ཁྱད་པར་མེད་པ་དགོས། ངོ་ཆེ་ཆུང་གི་དབྱེ་འབྱེད་བྱེད་ན། ཤོད་མི་ཕོད་ཀྱང་སེམས་པར་ན་ཚ་བཟོ་གི་རེད།
ཁ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་འཕྱར་ཞིང་། ལག་ལེན་ཐོག་མ་རྩའི་རིང་ལུགས་སུ་བསྐྱོད་དེ་དྲིལ་བུ་གཅིག་ནས་སྐད་གཉིས་བརྒྱབ་པ་ལས། མིང་དོན་མཚུངས་པའི་མང་གཙོའི་ལམ་ལུགས་ཐོག་ཤར་བསྐྱོད་བྱེད་ན་རྒྱ་ནག་གཞུང་མང་གཉིས་ཀར་འཕྲལ་ཕུགས་གཉིས་སྨན་ཡོང་རྒྱུ་ངེས་པ་ཡིན།