བསྟན་འཛིན་དཔལ་མཆོག
རིས་སུ་མ་མཆིས་ཐུབ་པའི་ལུགས་བཟང་འཇིག་རྟེན་སྐྱེ་དགུའི་གསོས་གྱུར་པ།།
རྟེན་འབྲེལ་ཟབ་མོའི་ཚུལ་ལས་བརྩམས་ཏེ་རིས་མེད་འགྲོ་ལ་འདོམས་མཛད་པའི།།
སྨྲ་བ་ཟླ་མེད་ཐུབ་དབང་གཉིས་པ་༧སྐྱབས་གཅིག་བསྟན་འཛིན་རྒྱ་མཚོར་འདུད།།
བསྐལ་མང་སྔོན་ནས་ཐུགས་བསྐྱེད་བཟང་པོས་གངས་ལྗོངས་ཕྱག་མཚན་བཞེས་པ་ལྟར།།
ཁ་བ་རི་པའི་བསོད་ནམས་གཏུགས་ཀྱང་ཐུགས་བརྩེའི་མདུད་རྒྱ་མ་ལྷོད་པར།།
དུས་ཀྱི་གཉན་འཕྲང་ཡང་མཐའ་འདིར་ཡང་ཁ་བ་ཅན་པའི་མགོན་དཔུང་དུ།།
བསམ་བཞིན་སྐུ་ཡི་ཟླ་ཞལ་གསར་པ་མདོ་སྨད་སྟག་འཚེར་ཡུལ་ནས་བཞད།།
ན་ཚོད་ཤིན་ཏུ་ཕྲ་བ་ཉིད་ནས་སྔོན་གྱི་སྨོན་ལམ་བདེན་མཐུ་ཡིས།།
དམག་ཟོར་རྒྱལ་མོའི་རྡོ་རྗེའི་ཕྱག་རྒྱས་དབུས་འགྱུར་ཆོས་ཀྱི་མདུན་ས་ཆེར།།
བྱོན་པར་ཆས་ཚེ་གངས་ཅན་པ་རྣམས་བདག་ཅག་མགོན་དང་བཅས་སོ་ཞེས།།
མཉྫུ་གྷཱོ་ཥ་མི་ཡི་ཚུལ་བཟུང་ཡོངས་འཛིན་བཤེས་གཉེན་དུ་མ་ལས།།
ཟབ་རྒྱས་ཆོས་ཀྱི་བགོ་སྐལ་སྤྱོད་ལ་ཉི་མས་གདུངས་པའི་གླང་ཆེན་བཞིན།།
གཞོན་ནུ་ཉིད་ནས་ཐོས་བསམ་སྒོམ་པས་བློ་གྲོས་རྒན་པོའི་སྙེམས་པ་བཅོམ།།
རིགས་པ་སྨྲ་བ་ཀུན་གྱི་མགོ་ལ་ལེགས་བཤད་གདོང་ལྔའི་སྦར་ཁྱིམ་བཀོད།།
ཤར་ཕྱོགས་ཉི་མའི་ཚ་རླབས་འཕྱུར་བ་སྦར་མོས་འགེབས་པར་མ་ནུས་ཚེ།།
གངས་ལྗོངས་ལྷ་མི་མགྲིན་དབྱངས་གཅིག་གིས་རེ་ས་ཁྱེད་ལས་མེད་དོ་ཞེས།།
རྒྱལ་སྲིད་ཙབ་རལ་ཉམས་ལ་ཁད་པ་ཁྱེད་ཀྱི་ཕྱག་ཏུ་ནན་གྱིས་གཏད།།
འོན་ཀྱང་མཛངས་འཕྲུལ་ཐབས་མཁས་རྒྱ་མཚོས་བོད་འབངས་བདེ་ཐབས་སྣ་མང་བརྩམས།།
བསམ་སྦྱོར་ངན་པའི་ཀླ་ཀློའི་རང་གཟུགས་ཉིན་བཞིན་ཇེ་གསལ་གྱུར་པ་ན།།
རྒྱལ་བསྟན་ཆབ་སྲིད་རྨང་ནས་གསོ་ཕྱིར་འཕགས་ཡུལ་ཆིབས་ཞལ་བསྒྱུར་མ་ཐག།
རིང་ནས་དགོངས་པའི་མང་གཙོའི་བདག་དབང་དམངས་ལ་ལྟོས་མེད་བསྩལ་པའི་ཚེ།།
ཀུན་གྱིས་མཐུན་པར་མནའ་གན་ཐུ་མོས་བཀའ་བཞིན་སྒྲུབ་པའི་དམ་བཅའ་ཕུལ།།
བདེན་པ་བདེན་སར་འཁྱོལ་བར་བྱ་ཕྱིར་དེང་རབས་ཤེས་ཡོན་གལ་ཆེར་དགོངས།།
མ་འོངས་སོན་རྩའི་བོད་ཕྲུག་རྣམས་ལ་དེང་རབས་ཤེས་བྱའི་ལྡེ་མིག་གཏད།།
འཇིག་རྟེན་འདི་ན་གཅེས་ནོར་གཅིག་པུ་བོད་བརྒྱུད་ནང་བསྟན་འོད་པོ་ཆེ།།
མི་ཉམས་འཕེལ་སླད་རིས་མེད་ཆོས་བརྒྱུད་སྲ་བརྟན་ཚུགས་པའི་རྨང་གཞི་གཏིང་།།
བདེན་མཐའ་གསལ་བའི་རྨད་བྱུང་ཐབས་ལམ་འཚེ་མེད་ཞི་བའི་རྩ་བ་ཅན།།
རྒྱལ་ཕམ་མེད་པར་ཀུན་ལ་འཚམས་པའི་གཉིས་སྨན་དབུ་མའི་ལམ་པོ་ཆེ།།
རིང་མོ་ཞིག་ནས་ཐུགས་ལ་དགོངས་བཞིན་དམར་པོའི་ཕྱོགས་སུ་བསྒྲགས་པ་ན།།
བདེན་མཐའི་སྐྱ་རེངས་ཤར་དང་ལྷན་ཅིག་ཁྱེད་ཉིད་མཇལ་འདོད་ངུ་དབྱངས་གྱེར།།
ཐུབ་པ་མཆོག་དེའི་གདམས་པའི་ཉིང་ཁུ་བྱམས་དང་སྙིང་རྗེའི་རྒྱ་མཚོ་ལས།།
ཉེར་ཐོན་འཚེ་བ་མེད་པའི་མཛད་པས་འཇིག་རྟེན་སྐྱེ་དགུའི་ཡིད་འཕྲོག་སྟེ།།
མཚན་དང་དོན་མཐུན་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོར་བཀུར་བ་ན།།
སྙན་གྲགས་ཚ་ཟེར་ཕྱོགས་བཅུར་འཕྲོས་པས་ནག་ཕྱོགས་སྙིང་ལ་མུན་པ་བབ།།
གཞི་ཡི་གནས་ཚུལ་ཇི་ལྟར་ཡིན་ཀྱང་གྲུབ་དོན་གཏན་ལ་འབེབས་པའི་ཚེ།།
དེང་རབས་སྐྱེ་བོའི་བློ་དང་འཚམས་པར་ཟབ་མོ་རྟེན་ཅིང་འབྲེལ་འབྱུང་དོན།།
རྒྱ་ལས་མི་བརྒལ་འདི་དང་བསྟུན་ཞེས་འཇིག་རྟེན་ཀུན་ཏུ་བསྒྲགས་པའི་མཐུས།།
རྟེན་འབྱུང་གཏམ་དེ་རིག་གསར་མཁན་པོའི་གཅེས་ཞིང་ཕངས་པའི་ནོར་དུ་གྱུར།།
རང་གི་ཆོས་ལ་ཨ་འཐད་སེམས་ཀྱིས་ཆོས་ལུགས་གཞན་ལ་དམའ་འབེབས་པ།།
སྤྱི་སྲོལ་འདྲ་ཡང་དེང་གི་དུས་སུ་སྨྲ་བའི་ཉི་མ་ཁྱེད་ཀྱིས་ནི།།
བྱམས་དང་བརྩེ་བ་བཟོད་བསྲན་ལ་སོགས་མཐུན་པའི་བསླབ་བྱ་གཅིག་བསྡུས་ནས།།
སྣ་ཚོགས་ཆོས་ཀྱི་གདམས་པའི་ཉིང་ཁུ་འཇིག་རྟེན་ཀུན་ཏུ་གསལ་བར་བསྒྲགས།།
ཟབ་མོ་རྟེན་འབྱུང་དེ་ཉིད་ངོ་མཚར་འཕགས་མཆོག་ཀླུ་སྒྲུབ་ལས་འོངས་པ།།
དཔལ་ལྡན་ཟླ་བས་བཀྲལ་བ་ཇི་བཞིན་ཉིད་ཀྱིས་ལེགས་པར་དགོངས་པ་གང་།།
རིན་ཆེན་སེམས་དང་ཟུང་དུ་འཇུག་པའི་ལམ་བཟང་དམ་པར་ཉིད་གཤེགས་ནས།།
ཐུགས་ཀྱི་ཉིང་བཅུད་ཟབ་རྒྱས་བདུད་རྩིས་ལྐལ་ལྡན་ཡིད་ཀྱི་ཤིས་པ་བསྒྲུབས།།
གངས་ལྗོངས་བསྟན་སྲིད་ཐུགས་ལ་བརྣགས་པས་གནོད་བྱེད་རྒྱལ་འགོངས་བསྟེན་གསོལ་རྒྱུན།།
སྣུབ་པའི་འཕྲིན་ལས་རིམ་གྱིས་མཛད་བཞིན་བོད་འབངས་སྤྱི་ཡིས་བཀའ་བསྒྲུབས་ཀྱང་།།
ཅོལ་ཆུང་བསོད་དམན་འབྱུང་པོས་རྒྱུད་བསླད་དམར་པོའི་ནོར་གྱིས་བསླུས་པ་འགས།།
ཁུངས་མེད་ཅ་ཅོ་ཕྱོགས་བཅུར་བསྒྲགས་ཀྱང་ཡ་རབས་སུ་ཞིག་ཡིད་རྟོན་བྱེད།།
ཐུབ་བསྟན་ཉིན་མོར་བྱེད་པའི་འཕྲིན་ལས་གངས་ཅན་ལྗོངས་སུ་གདལ་བ་ན།།
བསྟན་འཛིན་མཁས་གྲུབ་བྱེ་བའི་རོལ་མཚོ་དཔལ་ལྡན་ན་ལནྜ་ཡི་སྲོལ།།
བཀའ་བབས་མདོ་྄རྒྱུད་གདམས་པའི་ཞལ་ཆབ་སྐྱོངབའི་གངས་ཅན་ཆོས་བརྒྱུད་རྣམས།།
དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས་པའི་རྫོགས་ལྡན་བཞིན་རས་གསར་དུ་ངོམས།།
མདོར་ན་ཁྱེད་ཀྱི་གསང་གསུམ་མཛད་པར་འགྲན་པའི་ཟླ་ཞིག་འདིར་མཆིས་ན།།
དེ་ནི་ཁྱེད་དེ་ཁྱེེད་ཉིད་ལས་གཞན་ཁྱེད་དང་སྐལ་བ་མཉམ་པ་སུ།།
དེ་ཕྱིར་བདག་ཅག་བོད་འབངས་རྣམས་ཀྱི་མགོན་དཔུང་དམ་པར་བརྟན་བཞུགས་ནས།།
གངས་ཅན་སྐྱེ་འགྲོའི་བསྟན་སྲིད་བདེ་ཐབས་ཐུགས་བཞེད་བཞིན་དུ་ལྷུན་འགྲུབ་ཤོག།
བདག་ཅག་ཚེ་རབས་སྐྱེ་བའི་ཕྲེང་བར་མགོན་པོ་ཁྱེད་ཀྱིས་རྗེས་བཟུང་སྟེ།།
ངེས་འབྱུང་བྱང་སེམས་ཡང་དག་ལྟ་དང་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལམ།།
ཐུགས་བཅུད་བདུད་རྩི་བུམ་པ་གང་བྱོར་བདག་ཅག་སྙིང་གི་གཟུངས་སྨིན་ཏེ།།
ཇི་སྲིད་འཁོར་བ་མ་སྟོངས་བར་དུ་འགྲོ་བའི་དོན་ལ་སྤྱོད་པར་ཤོག།
ཅེས་ ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསང་གསུམ་མཛད་འཕྲིན་ལས་བརྩམས་ཏེ་བསྟོད་པ་ཕན་བདེའི་གྲུ་ཆར་འགུག་པའི་དབྱར་རྔ་ཞེས་བྱ་བ་འདི་ནི། འབྲས་སྤུངས་བློ་གསལ་གླིང་རྩེད་ཐང་ཁང་ཚན་གྱི་འདུས་ལས་ནས་བསྐུལ་བ་བཞིན། མགོན་པོ་གང་ཉིད་ཀྱི་ཚིགས་སྔ་ཕྱི་གཉིས་ཀའི་མཁན་བུར་གཏོགས་པའི་སྐལ་བ་ཅན། སྙོམས་ལས་པ་བསྟན་འཛིན་དཔལ་མཆོག་ཏུ་འབོད་པས་ ༢༠༡༡ / ༥ / ༡༥ ཉིན་སྒོ་གསུམ་དང་བ་ཆེན་པོས་རྫོགས་པར་སྦྱར་བའོ།། །།