༡༽ བདག་ནི་སངས་རྒྱས་དེ་ཡི་ཆོས།།
དེ་ཡི་རྗེས་སུ་འཇུག་རྣམས་ལ།།
མི་ཕྱེད་པ་ཡི་དད་པས་ལྟ།།
སྐྱབས་སུ་འགྲོ་ཞིང་སྨོན་པའང་བགྱིད།།
༢༽ ཕན་པར་བཞེད་པ་ཟླ་བ་ཡི།།
ཆ་ཤས་རྫོགས་པ་ལས་བྱུང་བ།།
བཅོམ་ལྡན་འགྲོ་བའི་བླ་མ་སྟེ།།
༣༽ གང་གི་གསུང་ལས་བྱུང་བ་ཡི།།
དོན་གྱི་ཡིད་བཞིན་ནོར་བུ་ལ།།
མཆིང་བུས་འགྲན་པར་ག་ལ་བཟོད།།
༤༽ གང་ལ་གཟུར་གནས་བློ་ལྡན་པ།།
དཔྱད་པ་གསུམ་གྱིས་ཡོངས་བརྟགས་པའི།།
ཐུབ་བསྟན་མཆོག་ལ་པད་རྫིང་ལྟར།།
མཐོང་ནས་ངང་པའི་ཚུལ་གྱིས་འཇུག།
༥༽ རང་གཞན་ཕུན་སུམ་ཚོགས་པའི་གནས།།
གཞན་གྱིས་ཤེས་མིན་ལ་སོགས་པའི།།
ཡོན་ཏན་བརྒྱད་ལྡན་སངས་རྒྱས་ལ།།
སུ་ཞིག་སྐྱབས་སུ་འཛིན་མི་བྱེད།།
༦༽ བདེན་པ་གཉིས་ཀྱི་མཚན་ཉིད་དང༌།།
བསམ་མེད་གཉིས་སུ་མེད་པ་སོགས།།
ཡོན་ཏན་བརྒྱད་ལྡན་དམ་པའི་ཆོས།།
སུ་ཞིག་གི་ནི་སྐྱབས་མ་ཡིན།།
༧༽ ཆགས་ཐོག་དམན་པའི་སྒྲིབ་ལས་གྲོལ།།
ཇི་ལྟ་ཇི་སྙེད་ནང་རིག་པ།།
རིག་གྲོལ་ཡོན་ཏན་བརྒྱད་ལྡན་པའི།།
འཕགས་ཚོགས་སུ་ཡི་སྐྱབས་གནས་མིན།།
༨༽ བྱམས་པའི་ཆུ་དང་སྙིང་རྗེའི་སར་རྒྱས་པ།།
བྱང་ཆུབ་སེམས་ཀྱི་དཔག་བསམ་ལྗོན་པ་ཆེ།།
སྐྱེས་བུའི་འདོད་དོན་བདེ་བླག་འགྲུབ་པའི་དཔེ།།
དབྱངས་ཅན་མགྲིན་པར་གནས་ཀྱང་རྙེད་དཀའ་སྙམ།།
༩༽ ཇི་ལྟར་བྱང་ཆུབ་སེམས་མཆོག་གི།
ཕན་པའི་བསམ་པས་འགྲོ་ཀུན་ཁྱབ།།
དེ་ལྟར་ཕ་མ་དྲང་སྲོང་དང༌།།
ཚངས་པ་ལ་ཡང་ག་ལ་སྲིད།།
༡༠༽ མེ་ཏོག་དབུས་ན་པུབྱྜརི་ཀ་བཞིན།།
དགེ་སེམས་ཀུན་གྱི་ནང་ན་བྱང་ཆུབ་མཆོག།
དེ་དང་ལྡན་ན་འཕྲལ་དང་ཕུགས་སུ་བདེ།།
དེ་ཕྱིར་འབད་པ་ཀུན་གྱིས་བསྐྱེད་པར་བྱ།།
༡༡༽ རྣམ་པ་ཐམས་ཅད་མཁྱེན་པ་ཡང༌།།
བྱང་ཆུབ་སེམས་མཆོག་ཁོ་ན་ལས།།
འབྱུང་ཕྱིར་གྲོལ་བར་འདོད་པ་དག།
འདི་ལ་ནན་ཏན་བྱ་བར་འོས།།
༡༢༽ རང་དང་གཞན་གྱི་དོན་བྱེད་པའི།།
ཐབས་མཆོག་ཅི་ཞེས་དཔྱད་པ་ན།།
རིན་ཆེན་བྱང་ཆུབ་སེམས་འབའ་ཞིག།
ཡིན་པར་ངེས་ནས་དགའ་བས་བསྐྱེད།།
༡༣༽ འབྲས་བུ་ལན་གཅིག་མི་འབྱིན་བྱང་སེམས་དགེ།
རྣམ་མཁྱེན་བར་བུ་མི་ཟད་ཡོངས་སུ་འཕེལ།།
རྣམ་མཁྱེན་རེག་ནས་གཟུགས་སྐུའི་ཆུ་འཛིན་ལས།།
དམ་ཆོས་ཆར་གྱིས་འགྲོ་དགེ་མྱུ་གུ་རྒྱས།།
༡༤༽ རིག་པའི་ནང་ན་ནང་དོན་རིག།
རིན་ཆེན་ནང་ན་ཡིད་བཞིན་ནོར།།
མྱུར་འགྲོའི་ནང་ན་ཅང་ཤེས་ཏེ།།
སེམས་ཀྱི་ནང་ན་བྱང་ཆུབ་སེམས།།
༡༥༽ ཉི་མ་ཟླ་བ་སྒྲོན་མ་གློག་གི་ཕྲེང༌།།
གསལ་མོད་ནང་གི་མུན་སྟུག་ག་ལ་སེལ།།
བྱང་ཆུབ་སེམས་འདི་འགྲོ་བའི་ནང་གི་སྨག།
མཐའ་དག་རྩད་ནས་འབྱིན་པར་དམ་པས་བསྔགས།།
༡༦༽ ཕན་བདེ་ཀུན་གྱི་འབྱུང་བའི་གནས། །
རྒྱལ་བའི་སྲས་ཀྱི་བྱང་ཆུབ་སེམས། །
དེ་ལ་ཡིད་བཞིན་ནོར་བུ་ཡིས། །
འགྲན་པའི་ནུས་པ་ཡོད་རེ་སྐན། །
༡༧༽ ཆུ་ཤིང་རང་འབྲས་བསྐྱེད་ནས་འཛད། །
སླར་ཡང་འབྲས་བུ་འབྱིན་མི་ནུས། །
བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ །
འབྲས་བུ་འབྱིན་པར་མི་ཟད་འཕེལ། །
༡༨༽ ཡོངས་འདུ་ས་བརྟོར་རྩར་བྱིན་ནས། །
སྨོན་ན་དེ་བཞིན་འདོད་དོན་འགྲུབ། །
བྱང་ཆུབ་སེམས་ཀྱང་འགྲོ་བ་ཡི། །
འདོད་དོན་རྫོགས་པར་བྱེད་ལ་དབང༌། །
༡༩༽ ལྗོན་པ་འདབ་འབྲས་གཡུར་ཟ་བ། །
འཛིན་མའི་ཐིག་ལེར་བརྟེན་ནས་ཡིན། །
འཁོར་འདས་དགེ་མཚན་ཇི་སྙེད་པ། །
བྱང་ཆུབ་སེམས་ལ་བརྟེན་ནས་ཡིན། །
༢༠༽ འདི་ནས་རྣམ་མཁྱེན་རེག་གི་བར།།
གཅིག་ཏུ་བཟུང་བར་བྱ་བའི་ཆོས།།
ཕན་བདེ་འབུམ་ཕྲག་འཕྲོ་བའི་གཞི།།
བྱང་ཆུབ་སེམས་ཏེ་དམ་པ་གླེང༌།།
༢༡༽ སེམས་ཅན་རེ་རེའི་སྐྱོན་ཀུན་སེལ།།
རེ་རེའང་ཡོན་ཏན་མཐའ་ཀླས་པ།།
སྐྱེད་འདོད་བྱང་ཆུབ་སེམས་མཆོག་སྟེ།།
རྨད་བྱུང་ལས་ཀྱང་འདི་རྨད་བྱུང༌།།
༢༢༽ ཀུན་ལ་ཕན་པར་འདོད་ན་བྱང་སེམས་དགོས།།
ཀུན་དང་མཛའ་བར་འདོད་ན་བྱང་སེམས་དགོས།།
ཀུན་གྱིས་བློ་གཏད་འདོད་ན་བྱང་སེམས་དགོས།།
ཀུན་གྱི་བཤེས་གཉེན་འདོད་ན་བྱང་སེམས་དགོས།།
༢༣༽ འགྲོ་ལ་ཕན་པར་བཞེད་པ་ཡི།།
འགྲོ་ལ་གང་གིས་ཕན་འགྱུར་ཞེས།།
འགྲོ་ལ་བརྩེ་བས་དགོངས་པ་ན།།
བྱང་ཆུབ་སེམས་མཆོག་འདི་ཉིད་གཟིགས།།
༢༤༽ གདུང་བ་འཇིལ་ལ་བསིལ་ཟེར་ཅན།།
སྨག་རུམ་སེལ་བར་ནམ་མཁའ་ནོར།།
ཀུན་ནས་ཉོན་མོངས་འབྱིན་པ་ན།།
བྱང་ཆུབ་སེམས་ཀྱི་ཟླར་མི་འོས།།
༢༥༽ སེམས་ཀྱི་ཟླ་བ་བྱང་ཆུབ་སེམས།།
སེམས་ཀྱི་ཉི་མ་བྱང་ཆུབ་སེམས།།
སེམས་ཀྱི་ནོར་བུ་བྱང་ཆུབ་སེམས།།
སེམས་ཀྱི་བདུད་རྩི་བྱང་ཆུབ་སེམས།།
༢༦༽ རང་ཕན་འདོད་ན་བྱང་ཆུབ་སེམས་མཆོག་བསྐྱེད།།
གཞན་ཕན་འདོད་ན་བྱང་ཆུབ་སེམས་མཆོག་བསྐྱེད།།
བསྟན་པའི་སྲིད་ཞུར་འདོད་ན་བྱང་སེམས་བསྐྱེད།།
བདེ་ལམ་འདོད་ན་བྱང་ཆུབ་སེམས་མཆོག་བསྐྱེད།།
༢༧༽ བླ་མེད་བྱང་ཆུབ་འཐོབ་བྱེད་སེམས།།
མི་དགེའི་དྲི་མ་འཁྲུད་ནས་ཆུ།།
དགེ་བ་སྡུད་པའི་ལག་པ་སྟེ།།
དམ་པའི་ཆོས་སུ་སྐུལ་བའི་ལྕག།
༢༨༽ འདབ་བརྒྱ་འགྲོལ་བར་མི་བྱེད་ཅིང༌།།
ཀུ་མུད་ཟུམ་པའི་བྱ་བ་བྲལ།།
འདམ་རྫབ་སྐེམ་པར་མི་བྱེད་པའི།།
བྱང་ཆུབ་སེམས་ཀྱི་འོད་བརྒྱ་པ།།
༢༩༽ འདི་ནས་བྱང་ཆུབ་སྙིང་པོའི་བར།།
བྱང་ཆུབ་སེམས་དང་འབྲལ་མི་བྱ།།
དེ་བཞིན་སྨོན་དང་བྱིན་བརླབ་པར།།
བླ་དཀོན་རྣམས་ལ་གསོལ་བ་གདབ།།
༣༠༽ ཚ་བས་གདུང་ཞིང་དུབ་པའི་འགྲོན།།
ལྗོན་གྲིབ་སྣུམ་པོ་ཐོབ་ན་བདེ།།
སྲིད་ལམ་རྒྱུ་ཞིང་ངལ་བའི་འགྲོ།།
རིན་ཆེན་བྱང་སེམས་སྐྱེས་ན་བདེ།།
༣༡༽ དབུལ་དང་ཕྱུག་གི་རྣམ་དབྱེ་མེད།།
མཁས་དང་བླུན་པོའི་ཁྱད་མི་བྱེད།།
མཆོག་དམན་མཉམ་པར་ཕན་བྱེད་པ།།
བྱང་ཆུབ་སེམས་ཀྱི་རིན་པོ་ཆེ།།
༣༢༽ ཡུལ་དུས་གནས་སྐབས་རིགས་དྲུག་གི།
ཁྱད་པར་རྣམ་སྤངས་ཕན་པ་ཡི།།
བསམ་དང་སྦྱོར་བས་འཇུག་བྱེད་པ།།
སངས་རྒྱས་ས་བོན་བྱང་ཆུབ་སེམས།།
༣༣༽ ཞུམ་པའི་སྐབས་སུ་སྤྲོ་བ་སྐྱེད།།
འབྱོར་པའི་སྐབས་སུ་ཁེངས་པ་སེལ།།
སྲིད་ན་སླུ་བ་མེད་པའི་བཤེས།།
བྱང་ཆུབ་སེམས་ལས་གཞན་མ་མཆིས།།
༣༤༽ འདི་ན་ཕན་པའི་དཔེ་ཇི་སྙེད།།
ཕྱོགས་འགའ་ཞིག་ཏུ་བསྡུས་ན་ཡང༌།།
རྨད་བྱུང་བྱང་ཆུབ་སེམས་ཀྱི་ཆར།།
རྨི་ལམ་དུ་ཡང་འགྲན་མི་བཟོད།།
༣༥༽ རིན་ཆེན་དང་པོ་ཇི་ལྟ་བར།།
འབྱོར་རྒུད་རྐྱེན་གྱིས་མི་འགྱུར་བ།།
བྱང་ཆུབ་སེམས་ཀྱི་རོ་མཆོག་གིས།།
བདུད་རྩི་ལ་ཡང་འཕྱ་བར་བྱེད།།
༣༦༽ ཤེས་བྱའི་མཆོག་གྱུར་བྱང་ཆུབ་སེམས།།
བསླབ་བྱའི་མཆོག་གྱུར་བྱང་ཆུབ་སེམས།།
བླང་བྱའི་མཆོག་གྱུར་བྱང་ཆུབ་སེམས།།
བསྒོམ་བྱའི་མཆོག་གྱུར་བྱང་ཆུབ་སེམས།།
༣༧༽ ཀླུང་གིས་ཆུ་ཡི་གཏེར་ཇི་བཞིན།།
ཆུ་ཡི་གཏེར་གྱིས་ཆུ་འཁུར་བཞིན།།
ཆུ་འཁུར་གྱིས་ཀྱང་འཛིན་མ་བཞིན།།
བྱང་ཆུབ་སེམས་ཀྱིས་འགྲོ་འདི་མཛེས།།
༣༨༽ རིན་ཆེན་གཏེར་དང་འདོད་འཇོའི་བ།།
ལམ་འཇུག་རྣམས་ཀྱི་ངལ་གསོའི་སྟེགས།།
སྨན་གྱི་མཆོག་ལས་ཕུལ་བྱུང་བ།།
བྱང་ཆུབ་སེམས་ཞེས་དམ་པར་གྲགས།།
༣༩༽ རྣམ་པ་ཐམས་ཅད་མཁྱེན་པའི་སར།།
བདེ་བླག་ཏུ་ནི་འགྲོ་འདོད་ན།།
རྒྱལ་སྲས་རྣམས་ཀྱི་བྱང་ཆུབ་སེམས།།
འདི་ལ་མ་བསྟེན་ཐབས་ཅི་ཡོད།།
༤༠༽ གཞན་དོན་སེམས་པ་ལ་སོགས་པའི།།
རབ་དགའ་ཆུ་གཏེར་འཕེལ་བྱེད་པ།།
བྱང་ཆུབ་སེམས་ཀྱི་ཟླ་གཞོན་འདིས།།
བསིལ་ཟེར་ཅན་ཡང་སྨ་འབེབས་བགྱིད།།
༤༡༽ ཉོན་མོངས་མྱུ་གུ་གཅོད་པ་ཡིས།།
རལ་གྲིའི་བྱ་བ་ཉེར་གནས་པ།།
བྱང་ཆུབ་སེམས་ཞེས་བྱ་བ་འདི།།
འགྲོ་ཀུན་སྲུང་བར་བྱེད་པའི་མཚོན།།
༤༢༽ འབྱོར་པའི་ཚེ་ན་ཁེངས་པ་མེད།།
རྒུད་པའི་ཚེ་ན་ཞུམ་པ་མེད།།
གཞན་གྱི་རྫི་བར་མི་ནུས་པ།།
རིན་ཆེན་དང་པོའི་བྱང་ཆུབ་སེམས།།
༤༣༽ ཀུན་ནས་ཉོན་མོངས་རྣམ་གསུམ་གྱི།།
བུད་ཤིང་སྐམ་པོ་སྲེག་པ་ཡིས།།
བྱང་ཆུབ་སེམས་ཀྱི་མེ་ཆེན་པོ།།
ཐ་མལ་མེ་ཡི་རྗེས་མི་འགྲོ།།
༤༤༽ སྲིད་ན་སྙན་པའི་སྒྲ་གང་ཞེས།།
དམ་པ་དུ་མས་དཔྱད་ན་ཡང༌།།
བྱང་ཆུབ་སེམས་ཞེས་བྱ་བའི་སྒྲ།།
འདི་ལས་གཞན་དུ་མི་གསན་སྙམ།།
༤༥༽ བྱང་ཆུབ་སེམས་ཀྱི་རོ་མྱོང་བ།།
དེ་དག་བུད་ཤིང་འོ་མ་དང༌།།
ས་ཧ་ཀ་ར་སྦྲང་རྩི་ཡི།།
རོ་གཞན་དག་གིས་ག་ལ་དགའ།།
༤༦༽ སྲིད་ཞིའི་མཐའ་ལ་མི་ལྷུང་བར།།
མི་གནས་མྱང་འདས་གྲོང་འཁྱེར་དུ།།
བགྲོད་པའི་ལམ་ཆེན་བྱང་ཆུབ་སེམས།།
འགྲོལ་བར་འདོད་པས་བསྟེན་བྱ་ཉིད།།
༤༧༽ ཆུ་ཡི་རྙོག་མ་དྭངས་བྱེད་པ།།
ཀ་ཏ་ཀ་སོགས་མང་མོད་ཀྱི།།
ཉོན་མོངས་རྙོག་མ་དྭངས་བྱེད་པ།།
བྱང་ཆུབ་སེམས་ལས་གཞན་རྙེད་དཀའ།།
༤༨༽ མར་ཤེས་དྲིན་དྲན་དྲིན་གཟོ་བ།།
བྱམས་དང་སྙིང་རྗེ་ལྷག་པ་ཡི།།
བསམ་པ་ལས་བྱུང་བྱང་ཆུབ་སེམས།།
རང་གཞན་ཕན་བདེ་འབྱུང་བའི་གནས།།
༤༩༽ མང་ཐོས་བཙུན་ལ་སྒྲུབ་ཚུགས་འཛིན།།
རྣམ་པར་དཔྱོད་པའི་བློ་ལྡན་ཡང༌།།
བྱང་ཆུབ་སེམས་དང་མི་ལྡན་ན།།
དེ་ལ་སུ་ཞིག་སྨོན་པར་བྱེད།།
༥༠༽ བྱང་ཆུབ་སེམས་ཀྱིས་རྣམ་འཚེ་སྤོང༌།།
བྱང་ཆུབ་སེམས་ཀྱིས་སྡུག་བསྔལ་འདོན།།
བྱང་ཆུབ་སེམས་ཀྱིས་འཇིགས་པ་འབྲལ།།
བྱང་ཆུབ་སེམས་ཀྱིས་ཉེས་སྤྱོད་འགོག།
༥༡༽ བྱང་ཆུབ་སེམས་འདྲའི་བརྟན་པ་གང༌།།
བྱང་ཆུབ་སེམས་འདྲའི་སྙིང་སྟོབས་གང༌།།
བྱང་ཆུབ་སེམས་འདྲའི་སྤོབས་པ་གང༌།།
བྱང་ཆུབ་སེམས་འདྲའི་ཞི་བ་གང༌།།
༥༢༽ ཀུན་སློང་བྱང་ཆུབ་སེམས་མཆིས་པ།།
སྦྱོར་བའང་དགེ་བ་རྒྱ་ཆེན་འགྱུར།།
ནད་སེལ་སྨན་གྱི་རྩ་བ་ལས།།
སྨན་གྱི་མྱུ་གུ་འབྱུང་བ་ཡིན།།
༥༣༽ བྱང་ཆུབ་སེམས་ཀྱིས་མངོན་མཐོ་འགྲུབ།།
བྱང་ཆུབ་སེམས་ཀྱིས་ངེས་ལེགས་འགྲུབ།།
དེ་ཕྱིར་བྱང་ཆུབ་སེམས་ཀྱི་གཏམ།།
དམ་པ་དག་གི་ཞལ་དུ་གནས།།
༥༤༽ བྱང་སེམས་སྐྱེས་ན་ཕལ་པ་ཡང༌།།
བྱང་ཆུབ་སེམས་དཔའི་མིང་འཐོབ་ཅིང༌།།
ལྷ་དང་བཅས་པའི་འཇིག་རྟེན་གྱི།།
ཕྱག་བྱ་བཀུར་བའི་གནས་སུ་འགྱུར།།
༥༥༽ གཞན་ཕན་ལས་སུ་སྦྱོར་བ་ན།།
ཚ་གྲངས་བཀྲེས་སྐོམ་ངལ་སོགས་ཀྱིས།།
སྐྱོ་བ་མེད་པར་རབ་སྤྲོ་བ།།
བྱང་ཆུབ་སེམས་ཀྱི་ཆ་ཤས་སྙམ།།
༥༦༽ བྱང་ཆུབ་སེམས་དང་མི་ལྡན་ན།།
མི་གནས་མྱང་འདས་འཐོབ་མི་འགྱུར།།
མི་གནས་མྱང་འདས་མ་ཐོབ་ན།།
འཆིང་བ་གཉིས་སུ་ཐོགས་པར་འགྱུར།།
༥༧༽ འཁོར་སྒྱུར་མི་གཙང་གནས་མི་འབྱོན།།
བྱང་སེམས་སྡིག་པའི་ཡིད་ལ་མིན།།
བྱང་ཆུབ་སེམས་མཆོག་སྐྱེ་འདོད་ན།།
སྟོབས་བཞིས་རང་རྒྱུད་དག་པ་གཅེས།།
༥༨༽ ལོངས་སྤྱོད་ཡོངས་སུ་རྒྱས་པའི་སར།།
འཁོར་སྒྱུར་གདན་ནི་དྲང་བར་འོས།།
དགེ་བ་རྒྱས་པའི་ཡིད་ལ་ཡང༌།།
བྱང་ཆུབ་སེམས་ཀྱི་མྱུ་གུ་སྐྱེ།།
༥༩༽ བྱང་ཆུབ་སེམས་ཀྱིས་གནོད་སེམས་སྤོང༌།།
བྱང་ཆུབ་སེམས་ཀྱིས་ཡིད་བྱེད་འཐོབ།།
བྱང་ཆུབ་སེམས་ཀྱིས་ཤེས་རབ་བསྐྱེད།།
བྱང་ཆུབ་སེམས་མཆོག་གཟུང་ན་ལེགས།།
༦༠༽ རང་གི་དོན་དུ་གཞན་དག་ལ།།
རྨི་ལམ་དུ་ཡང་མི་འབྱུང་བ།།
སེམས་ཅན་ཀུན་གྱི་དོན་སེམས་པ།།
རྨད་བྱུང་བྱང་ཆུབ་སེམས་ལ་སྣང༌།།
༦༡༽ རྒྱལ་སྲས་སྤྱོད་པ་མཐའ་དག་གི།
རྟེན་དུ་གྱུར་པ་བྱང་ཆུབ་སེམས།།
ལྗོན་ཤིང་ཡལ་འདབ་རྒྱས་པ་ཡི།།
རྟེན་དུ་གྱུར་པ་འཛིན་མ་བཞིན།།
༦༢༽ བྱང་ཆུབ་སེམས་ལ་བདག་གཞན་མཉམ་པ་ཡོད།།
བྱང་ཆུབ་སེམས་ལ་བདག་གཞན་བརྗེ་བ་ཡོད།།
བྱང་ཆུབ་སེམས་ལ་བདག་པས་གཞན་གཅེས་ཡོད།།
བྱང་ཆུབ་སེམས་ལ་དོན་གཉིས་གྱ་ནོམ་ཡོད།།
༦༣༽ བྱང་ཆུབ་སེམས་དང་མི་ལྡན་ན།།
ཆོས་གཞན་ལྡན་ཡང་འཚང་མི་རྒྱ།།
སྲོག་གི་དབང་པོ་མི་ལྡན་ན།།
དབང་པོ་གཞན་དག་དོན་མི་བྱེད།།
༦༤༽ བྱང་ཆུབ་སེམས་ཀྱིས་རྙེད་པ་དང༌།།
བཀུར་སྟི་སྙན་པར་གྲགས་པ་ལ།།
མི་འཇུག་གལ་ཏེ་བྱུང་ན་ཡང༌།།
གསེར་བཞིན་རྣམ་པར་འགྱུར་བ་མེད།།
༦༥༽ བྱང་ཆུབ་སེམས་ཀྱི་དགེ་བ་ལ།།
རྒྱལ་བ་ཡིས་ཀྱང་འཇལ་མི་སྤྱོད།།
འཇིག་རྟེན་ཉན་ཐོས་རང་སངས་རྒྱས།།
འཕགས་མཆོག་གིས་ལྟ་སྨོས་ཅི་དགོས།།
༦༦༽ མཁའ་ལ་མངོན་མཐོ་ཉིན་མོར་བྱེད།།
དམན་གནས་འགྲོ་བ་ཡོངས་ཀྱི་མིག།
མངོན་པར་མཐོ་བའི་བྱང་ཆུབ་སེམས།།
དམན་གནས་འགྲོ་ལ་བླང་དོར་སྟོན།།
༦༧༽ པདྨས་སྐྱབས་པའི་མེ་ཏོག་བཅུད།།
བུང་བ་ཀུན་གྱི་དགའ་བའི་དཔལ།།
བྱང་ཆུབ་སེམས་ཀྱིས་བཤད་པའི་ཆོས།།
སྐྱེ་བོ་ཀུན་གྱི་དགའ་བའི་དཔལ།།
༦༨༽ བཙལ་ཀྱང་སྙན་ངག་མཁན་དག་གིས། །
བྱང་ཆུབ་སེམས་ཀྱི་དཔེ་མ་རྙེད། །
བྱང་ཆུབ་སེམས་དང་མཚུངས་བརྗོད་པ། །
དཔེ་ཡིས་ཀྱང་ནི་དབུལ་བ་སྙམ། །
༦༩༽ ཕྱུགས་ཀྱི་ཤིང་རྟ་ལ་སོགས་ལྟའི། །
བྱང་ཆུབ་སེམས་དཔའ་དེ་དག་ལས། །
དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟའི། །
བྱང་ཆུབ་སེམས་དཔའ་མཆོག་ཏུ་བསྔགས། །
༧༠༽ གྲུ་ཡིས་ཕ་རོལ་སྒྲོལ་བར་བྱེད། །
ཁབ་ཀྱིས་གྱོན་པ་འདྲུབ་པར་བྱེད། །
མགྱོགས་འགྲོས་འདོད་པའི་གནས་སུ་སྐྱེལ། །
བྱང་ཆུབ་སེམས་ཀྱིས་སངས་རྒྱས་འཐོབ། །
༧༡༽ ཆགས་སོགས་ཀྱི་གཉེན་མི་སྡུག་སོགས། །
དྲུངས་ནས་འབྱིན་པར་མི་བྱེད་ཀྱང༌། །
བྱང་ཆུབ་སེམས་མཆོག་ཀུན་གཉེན་ཏུ། །
གྱུར་ནས་སྤང་བྱ་ཀུན་ལས་རྒྱལ། །
༧༢༽ བྱང་ཆུབ་སེམས་ཀྱིས་རང་རྒྱུད་ལ། །
བྱང་ཆུབ་སེམས་ཀྱིས་གཞན་རྒྱུད་འདུལ། །
བྱང་ཆུབ་སེམས་ཀྱིས་ཀུན་ལ་གུས། །
བྱང་ཆུབ་སེམས་ཀྱིས་ཀུན་མཉམ་མཐོང༌། །
༧༣༽ འདབ་རྒྱའི་གཉེན་གྱིས་མུན་པ་སེལ། །
ཀུ་མུད་གཉེན་གྱིས་གདུང་བ་འཕྲོག །
ཡིད་བཞིན་ནོར་བུས་འདོད་པ་འཇོ། །
བྱང་ཆུབ་སེམས་ཀྱིས་དོན་ཀུན་འཐོབ། །
༧༤༽ གསེར་སྣང་ཞེས་བྱའི་དངུལ་ཆུ་ཡིས། །
ལྕགས་ཁམས་གསེར་དུ་སྒྱུར་བར་བྱེད། །
བྱང་ཆུབ་སེམས་ཀྱིས་མི་གཙང་ལུས། །
སངས་རྒྱས་སྐུ་རུ་སྒྱུར་བར་བྱེད། །
༧༥༽ དྲང་ཞིང་བསམ་པ་རྒྱ་ཆེན་ལྡན། །
བློ་གྲོས་ཀུ་ཤའི་རྩེ་མོས་སྦ། །
མཆོད་འོས་སྐྱེས་བུ་དམ་པ་ཡི། །
འཇུག་བྱ་བྱང་ཆུབ་སེམས་ཁོ་ན། །
༧༦༽ ནམ་མཁའི་མཐའ་དང་མཉམ་པའི་འགྲོ། །
དངོས་སམ་ཡང་ན་རྒྱུད་ཀྱང་རུང༌། །
འཕྲལ་དང་ཡུན་གྱི་བདེ་བ་ལ། །
བྱང་ཆུབ་སེམས་ཀྱིས་སྦྱོར་བར་བྱེད། །
༧༧༽ བྱང་ཆུབ་སེམས་ཀྱི་མྱུར་བ་གསལ་བའི་གློག །
བྱང་ཆུབ་སེམས་ཀྱི་ཟབ་པ་ཆུ་ཡི་གཏེར། །
བྱང་ཆུབ་སེམས་ཀྱི་ཕ་མཐར་ལྷ་ཡི་ལམ། །
བྱང་ཆུབ་སེམས་ཀྱི་བརྟན་པ་རི་ཡི་དབང༌། །
༧༨༽ ཀུན་གསལ་ལམ་དུ་ཉིན་མོར་བྱེད་པ་རྒྱུ། །
རྒྱ་མཚོའི་ངོགས་སུ་ཕྱོགས་ཀྱི་གླང་པོ་རྒྱུ། །
ཀུན་གྱི་རྣ་བར་ཐུབ་པའི་སྙན་པ་རྒྱུ། །
སྐྱེས་མཆོག་ཐུགས་ལ་བྱང་ཆུབ་སེམས་འདི་རྒྱུ། །
༧༩༽ ཐེག་ཆེན་འགའ་ཞིག་བྱང་སེམས་ཀྱི། །
ངོ་བོ་འགའ་རྒྱུ་འགའ་འབྲས་ཏེ། །
དེ་ཡི་ཕྱིར་ཡང་བྱང་ཆུབ་སེམས། །
ཐེག་པ་ཆེན་པོར་གསུངས་པ་སྙམ། །
༨༠༽ བྱང་ཆུབ་སེམས་ཀྱིས་སྨྲས་པའི་ཚིག །
གཞན་ཕན་སྙིང་པོར་འགྱུར་བ་སྟེ། །
ཁུ་བྱུག་སྙན་པར་སྒྲོག་པའི་སྒྲ། །
རྣ་བ་ཡི་ནི་དཔལ་དུ་འགྱུར། །
༨༡༽ ཇི་ལྟ་ཇི་ལྟར་རྒྱལ་སྲས་ལ། །
རྐྱེན་ངན་དྲག་པོ་འབྱུང་འགྱུར་བ། །
དེ་ལྟ་དེ་ལྟར་དགེ་གྲོགས་སུ། །
འགྲོ་བ་བྱང་ཆུབ་སེམས་ལས་སྙམ། །
༨༢༽ བྱང་ཆུབ་སེམས་ནི་མར་ཤེས་དྲིན་དྲན་ལ། །
བྱང་ཆུབ་སེམས་ནི་དྲིན་གཟོ་བྱམས་སྙིང་ལས། །
བྱང་ཆུབ་སེམས་ནི་ལྷག་པའི་བསམ་པ་ལས། །
སྐྱེ་ཕྱིར་དེ་དག་ལ་འབད་ཤིན་ཏུ་གཅེས། །
༨༣༽ རིན་ཆེན་ཆག་ཀྱང་རིན་པོ་ཆེ། །
རང་གི་མིང་ནི་མི་འདོར་བ། །
དེ་བཞིན་བྱང་ཆུབ་སེམས་སྙམ་ཀྱང༌། །
རང་གི་མིང་ནི་གཏོང་མ་ཡིན། །
༨༤༽ བཤན་པ་སྲོག་གི་གནད་ལ་མཁས། །
ཤིང་མཁན་ཤིང་གི་གནད་ལ་མཁས། །
རླབས་ཆེན་ཡིད་ཅན་རྒྱལ་བའི་སྲས། །
བྱང་ཆུབ་སེམས་ཀྱི་གནད་ལ་མཁས། །
༨༥༽ བྱང་ཆུབ་སེམས་ཀྱི་ནོར་མཆིས་པ། །
མདོག་ངན་མདོག་བཟང་མེད་ཀྱང་བླ། །
སྙན་གྲགས་བཀུར་སྟི་མེད་ཀྱང་བླ། །
དགེ་བ་གཞན་དག་མེད་ཀྱང་བླ། །
༨༦༽ དམ་པ་གསུམ་གྱི་རྩིས་ཟིན་ན། །
རྣམ་མཁྱེན་རྒྱུ་རུ་འགྲོ་གསུངས་པ། །
དེ་ཡི་དང་པོ་བྱང་ཆུབ་སེམས། །
ཡིན་ཕྱིར་ནམ་ཡང་བརྗེད་མི་རུང༌། །
༨༧༽ ཡུལ་དུས་གནས་སྐབས་ཐམས་ཅད་དུ། །
རིས་བྲལ་སེམས་ཅན་ཀུན་གྱི་དོན། །
བློ་ལྡན་རེ་བ་མེད་པར་མཛད། །
བྱང་ཆུབ་སེམས་ལ་བརྟེན་ནས་ཡིན། །
༨༨༽ རྒྱུ་སྐར་དབུས་ན་ཟླ་བ་དང༌། །
རི་བོའི་དབུས་ན་ལྷུན་པོ་བཞིན། །
གང་ལ་བྱང་ཆུབ་སེམས་ཡོད་པ། །
དེ་ནི་སྐྱེ་བོའི་དབུས་ན་བརྗིད། །
༨༩༽ སྐྱོ་བའི་ཚེ་ན་བྱང་ཆུབ་སེམས་དྲན་བྱ། །
འཇིགས་པའི་ཚེ་ན་བྱང་ཆུབ་སེམས་དྲན་བྱ། །
སྡུག་བསྔལ་འབྱུང་ཚེ་བྱང་ཆུབ་སེམས་དྲན་བྱ། །
བདེ་བ་འབྱུང་ཚེ་བྱང་ཆུབ་སེམས་དྲན་བྱ། །
༩༠༽ སྙིང་སྟོབས་ཞན་ན་བྱང་སེམས་དྲན་པར་བྱ། །
གཞན་དོན་ལྷོད་ན་བྱང་སེམས་དྲན་པར་བྱ། །
ལེ་ལོ་འབྱུང་ན་བྱང་སེམས་དྲན་པར་བྱ། །
ཉམ་ང་འབྱུང་ན་བྱང་སེམས་དྲན་པར་བྱ། །
༩༡༽ ལྷ་ལམ་འདོམ་གྱིས་སུ་ཞིག་འཇལ། །
ཆུ་གཏེར་ཕུལ་གྱིས་སུ་ཞིག་གཤོར། །
ལས་ཚུལ་བློ་ཡིས་སུ་ཞིག་དཔྱོད། །
བྱང་སེམས་ཆེ་བ་སུ་ཞིག་རྗོད། །
༩༢༽ གྲུ་ཆར་དུས་སུ་འབབ་ན་དགའ། །
ཞིང་དུ་ལོ་ཏོག་རྒྱས་ན་དགའ། །
མཁའ་དང་མཉམ་པའི་འགྲོ་བ་ཡི། །
རྒྱུད་ལ་བྱང་སེམས་སྐྱེ་ན་དགའ། །
༩༣༽ ཐེག་ཆེན་བྱང་ཆུབ་སེམས་བསྐྱེད་ཀྱིས། །
ཕྱི་རོལ་པ་དང་ཉན་རང་ལས། །
བྱང་ཆུབ་སེམས་དཔའ་ཁྱད་པར་འཕགས། །
རྒྱུ་སྐར་དབུས་ན་ཟླ་བ་བཞིན། །
༩༤༽ འདབ་བརྒྱ་པ་ལ་མེ་ཏོག་བཅུད། །
རྒྱལ་བའི་སྲས་ལ་བྱང་ཆུབ་སེམས། །
དེ་ཡིས་འགའ་ལ་ཕན་པ་ཙམ། །
འདི་ཡིས་ཡོངས་ལ་མཆོག་ཏུ་ཕན། །
༩༥༽ རིན་ཆེན་བྱང་ཆུབ་སེམས་བརྟེན་ནས། །
འཕགས་མཆོག་སྨོན་ལམ་རྫོགས་པར་བྱེད། །
རང་གི་གདུལ་བྱ་ཡོངས་སུ་སྨིན། །
ཞིང་ཁམས་སྦྱོང་ལ་མངོན་དུ་ཕྱོགས། །
༩༦༽ ཚངས་པའི་གནས་པ་རྣམ་བཞི་ལས། །
རིན་ཆེན་བྱང་ཆུབ་སེམས་མཆོག་སྐྱེ། །
རྒྱུ་དང་རྐྱེན་དག་ཚོགས་པ་ལས། །
འབྲས་བུ་སྐྱེ་བ་རིགས་པས་འཐད། །
༩༧༽ ཉིན་བྱེད་ནོར་བུའི་སྣང་བ་ལ། །
བརྟེན་ནས་མིག་ལྡན་གཟུགས་ལ་ལྟ། །
བྱང་ཆུབ་སེམས་ཀྱིས་རྒྱལ་བའི་སྲས། །
མཁའ་དང་མཉམ་པའི་འགྲོ་ལ་ལྟ། །
༩༨༽ བརྩམ་ན་བྱང་ཆུབ་སེམས་ལས་བརྩམ། །
བསམ་ན་བྱང་ཆུབ་སེམས་ཉིད་བསམ། །
དཔྱད་ན་བྱང་ཆུབ་སེམས་སུ་དཔྱད། །
བརྟག་ན་བྱང་ཆུབ་སེམས་ལ་བརྟག །
༩༩༽ གང་ལ་བྱང་སེམས་རྒྱན་ལྡན་པ། །
དེ་ལ་འཚེ་སེམས་ག་ལ་སྲིད། །
གཞན་གྱི་མནར་སེམས་སྤོང་བ་ལ། །
མ་བསྐུལ་བར་ཡང་ངང་གིས་འཇུག །
༡༠༠༽གང་ཞིག་ཡོད་ན་སུ་ཡང་བླ། །
གཏན་དུ་ཉམས་པའི་སྐབས་མི་འབྱེད། །
རྨད་བྱུང་བྱང་ཆུབ་སེམས་མཆོག་སྟེ། །
དེ་ལ་བློ་ལྡན་སུ་མི་གུས། །
༡༠༡༽རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡི། །
སྤྱད་པ་སྤྱོད་པ་འདོད་པ་དག །
སྤྱོད་པའི་རྟེན་ཕྱིར་བྱང་ཆུབ་སེམས། །
ཐོག་མ་ཉིད་དུ་ནན་གྱིས་བསྐྱེད། །
༡༠༢༽རྒྱལ་བ་བྱང་ཆུབ་སེམས་དཔའ་ལས། །
བྱང་ཆུབ་སེམས་དཔའ་བྱང་སེམས་ལས། །
བལྟམས་ཕྱིར་བྱང་ཆུབ་སེམས་མཆོག་གི །
ཆེ་བ་བློ་དང་ལྡན་པའི་ཁུམས། །
༡༠༣༽འཁོར་ལོ་རིན་ཆེན་གར་སོང་གི །
རྗེས་སུ་རིན་ཆེན་རྣམ་དག་འགྲོ། །
ཕུལ་བྱུང་བྱང་ཆུབ་སེམས་རྗེས་སུ། །
དགེ་ཆོས་མཐའ་དག་ངང་གིས་སྙེག །
༡༠༤༽བཅོམ་ལྡན་བླ་མའི་གསུང་རབ་ཀྱི། །
འོ་མཚོ་ལས་བྱུང་སྙིང་པོ་མཆོག །
བྱང་ཆུབ་སེམས་ཏེ་འབད་པ་ཡིས། །
བྱང་ཆུབ་བར་དུ་གཅེས་པར་གཟུང༌། །
༡༠༥༽དྲི་བཞོན་ཞགས་པར་ཐེབས་པ་སྲིད། །
ཙནྡན་དྲོད་དང་ལྡན་པ་སྲིད། །
སྣང་བ་མུན་པར་འགྱུར་པ་སྲིད། །
བྱང་ཆུབ་སེམས་ཀྱི་སླུ་མི་སྲིད། །
༡༠༦༽བཅོས་མ་མིན་པའི་བྱང་ཆུབ་སེམས། །
སྐྱེ་བ་ཤིན་ཏུ་དཀའ་མོད་ཀྱི། །
བསྐལ་པ་སྟོང་དུ་འབད་དགོས་ཀྱང༌། །
མི་ལྡོག་པ་ཡི་སྙིང་སྟོབས་གཅེས། །
༡༠༧༽བྱང་སེམས་བྲམ་ཟེ་རྒྱལ་རིགས་དང༌། །རྗ
ེའུ་དམངས་ཀྱི་རིགས་ལ་ཡང༌། །
ཁྱད་མེད་སྐྱེ་ཕྱིར་བཞི་ག་ཡིས། །
དད་གུས་སྤྲོ་བས་བླང་བར་འོས། །
༡༠༨༽གང་གི་རྒྱུད་ལ་བྱང་སེམས་ཀྱིས། །
བརྒྱན་པ་དེ་དག་འགྲིབ་པ་བྲལ། །
རང་གཞན་ཉེས་པར་སྤྱོད་ལས་ཟློག །
རླབས་ཆེན་དགེ་ཆོས་སྡུད་ལ་དབང༌། །
༡༠༩༽དཔྱིད་ཀ་ཁུ་བྱུག་སྒྲོག་པའི་དབྱངས། །
སྒྲ་འཛིན་ལྡན་པ་དགའ་བའི་དཔལ། །
རྒྱལ་བའི་སྲས་ཀྱི་བྱང་ཆུབ་སེམས། །
ལུས་ཅན་ཀུན་གྱི་ཕན་བདེའི་དཔལ། །
༡༡༠༽མཁའ་ཁྱབ་སེམས་ཅན་དོན་གྱི་ཕྱིར། །
སངས་རྒྱས་གོ་འཕང་ཐོབ་འདོད་ན། །
བྱང་ཆུབ་སེམས་ཏེ་གང་ལ་མངའ། །
དེ་ནི་གཞན་དང་ག་ལ་མཚུངས། །
༡༡༡༽ལྷ་དང་བཅས་པའི་འགྲོ་བ་ཀུན། །
གནས་སྐབས་འཁོར་བའི་བདེ་བ་དང༌། །
མཐར་ཐུག་རྫོགས་པའི་བྱང་ཆུབ་ཏུ། །
བྱང་ཆུབ་སེམས་ཀྱིས་མགྲོན་དུ་གཉེར། །
༡༡༢༽ནོར་དང་ལུས་སྲོག་ཀུན་བཏང་ནས། །
རིན་ཆེན་བྱང་ཆུབ་སེམས་བསྲུང་བྱ། །
ཅི་ཕྱིར་ཐམས་ཅད་མཁྱེན་པ་ཡང༌། །
འདི་ཡིས་བདེ་བླག་འཐོབ་པ་ཡིན། །
༡༡༣༽ཐེག་པ་ཆེན་པོའི་བྱང་ཆུབ་སེམས། །
རྟེན་དང་མཚན་ཉིད་རབ་ཏུ་དབྱེ། །
འཇལ་བར་བྱེད་པའི་དཔེ་སོགས་ཀྱིས། །
ཇི་བཞིན་གཏན་ལ་དབབ་པར་བྱ། །
༡༡༤༽ཐོག་མ་མེད་ནས་འཁོར་བ་ན། །
སྡུག་བསྔལ་གསུམ་གྱིས་རབ་མནར་བའི། །
སེམས་ཅན་ནད་པ་ཇི་སྙེད་པ། །
བྱང་ཆུབ་སེམས་ཀྱི་བདུད་རྩིས་གསོ། །
༡༡༥༽མཆོད་སོགས་ཡན་ལག་རྣམ་བདུན་གྱི། །
སྦྱོར་བས་བྱང་ཆུབ་སེམས་བསྐྱེད་རྒྱས། །
ཆུ་ལུད་སོགས་ཀྱི་སྦྱོར་བ་ཡིས། །
མྱུ་གུ་སྐྱེད་ཅིང་རྒྱས་པ་བཞིན། །
༡༡༦༽ཀུན་ལ་འཚེ་བའི་བསམ་པ་སྤོང༌། །
དངོས་སམ་བརྒྱུད་ནས་གཞན་དོན་འཇུག །
རྐྱེན་གང་གིས་ཀྱང་གཡོ་མེད་པ། །
བྱང་ཆུབ་སེམས་ཀྱི་ཆ་ཤས་སྙམ། །
༡༡༧༽བྱང་ཆུབ་སེམས་ཀྱིས་སྦྱིན་པ་དང༌། །
ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང༌། །
དེ་ཉིད་རྟོགས་པའི་ཤེས་རབ་ཀུན། །
ཕུལ་དུ་ཕྱིན་པར་བྱེད་པ་ཡིན། །
༡༡༨༽ས་སྟེང་སྐྱེ་བོའི་རྣམ་དཀར་སེམས། །
གཅིག་ཏུ་བསྡུས་པར་གྱུར་པས་ཀྱང༌། །
ས་བརྟོལ་དག་གིས་ཡོངས་འདུ་བཞིན། །
བྱང་ཆུབ་སེམས་ཀྱི་ཆར་མི་ཕོད། །
༡༡༩༽བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ན། །
སྡིག་པ་སྤོང་ལ་དགའ་བར་འགྱུར། །
དགེ་བ་སྒྲུབ་ལ་དགའ་བར་འགྱུར། །
འཇིགས་པ་སེལ་ལ་དགའ་བར་འགྱུར། །
༡༢༠༽བྱང་ཆུབ་སེམས་དང་མཛའ་གྱུར་ན། །
དེ་ནི་རི་རབ་བཞིན་དུ་བརྟན། །
ཉམ་ང་ཆེ་ཐང་ཅི་བྱུང་ཡང༌། །
སེང་གེ་བཞིན་དུ་ཡ་ང་བྲལ། །
༡༢༡༽བྱང་ཆུབ་སེམས་མཆོག་བཅོས་མིན་སྐྱེས། །
མི་ཉམས་གོང་དུ་རྣམ་འཕེལ་ན། །
རྣམ་པ་ཐམས་ཅད་མཁྱེན་པ་ཡི། །
གོ་འཕང་འཐོབ་པ་གོར་མ་ཆག །
༡༢༢༽མངོན་མཐོའི་ཀ་མལ་རྣམ་པར་བཞད། །
ངེས་ལེགས་སྦྲང་རྩི་མྱོང་འདོད་པས། །
སྲས་བཅས་རྒྱལ་བའི་འབྱུང་གནས་མཆོག །
བྱང་ཆུབ་སེམས་ཀྱི་སྣང་བརྒྱ་བསྟེན། །
༡༢༣༽ཇི་ལྟར་ལྷ་ལམ་རྒྱ་ཆེ་བ། །
དེ་བཞིན་བྱང་ཆུབ་སེམས་རྒྱ་ཆེ། །
ཇི་ལྟར་རིན་འབྱུང་གཏིང་ཟབ་པ། །
དེ་བཞིན་བྱང་ཆུབ་སེམས་འདི་ཟབ། །
༡༢༤༽བྱང་ཆུབ་སེམས་ཀྱི་རབ་ཡངས་པ། །
བརྟན་པའི་འཛིན་མའང་རྣམ་པར་གཡོ། །
ཡིད་བཞིན་ནོར་བུའི་རྗེས་འགྲོ་བ། །
འདི་ཡི་ནུས་པ་བརྣག་པར་དཀའ། །
༡༢༥༽ལྟ་བ་བྱང་ཆུབ་སེམས་འབྲེལ་མཆོག །
སྒོམ་པ་བྱང་ཆུབ་སེམས་འབྲེལ་མཆོག །
སྤྱོད་པ་བྱང་ཆུབ་སེམས་འབྲེལ་མཆོག །
འབྲས་བུ་བྱང་ཆུབ་སེམས་འབྲེལ་མཆོག །
༡༢༦༽ སྟོབས་ཀྱི་ཕུལ་ཕྱིན་བྱང་ཆུབ་སེམས། །
གཞན་ཕན་ཕུལ་ཕྱིན་བྱང་ཆུབ་སེམས། །
སྐྱོན་སྤོང་ཕུལ་ཕྱིན་བྱང་ཆུབ་སེམས། །
འཇིགས་བྲལ་ཕུལ་ཕྱིན་བྱང་ཆུབ་སེམས། །
༡༢༧༽རྒྱུད་ལ་བྱང་ཆུབ་སེམས་གནས་པ། །
དགཻ་གཞན་ལ་སྦྱོར་དམན་ཡང་བླ། །
ཡིད་བཞིན་ནོར་བུ་རྙེད་པ་ན། །
ནོར་གཞན་འཚོལ་བ་ལྷོད་ཀྱང་བླ། །
༡༢༨༽མཁས་ཁྲོད་བྱང་ཆུབ་སེམས་ཀྱིས་མཛེས། །
བླུན་ཁྲོད་བྱང་ཆུབ་སེམས་ཀྱིས་མཛེས། །
བར་ཁྲོད་བྱང་ཆུབ་སེམས་ཀྱིས་མཛེས། །
ཀུན་དགའ་བྱང་ཆུབ་སེམས་ཀྱིས་སྐྱེད། །
༡༢༩༽བྱང་ཆུབ་སེམས་ཀྱིས་ཞལ་དཀྱིལ་མཛེས། །
བྱང་ཆུབ་སེམས་ཀྱིས་སྤྱན་དཀྱུས་མཛེས། །
བྱང་ཆུབ་སེམས་ཀྱིས་སྨྲ་བ་མཛེས། །
བྱང་ཆུབ་སེམས་ཀྱིས་སྤྱོད་ལམ་མཛེས། །
༡༣༠༽རླབས་ཆེན་དགེ་བ་གང་ཡང་རུང༌། །
བྱང་སེམས་མེད་པར་སྒྲུབ་པ་དཀའ། །
འདོད་པ་འཇོ་བའི་བ་མེད་པར། །
བསམ་དོན་ཡོངས་སུ་རྫོགས་པ་དཀའ། །
༡༣༡༽བྱང་ཆུབ་སེམས་ཀྱི་ཕན་པ་མཆོག །
ཇི་སྲིད་འཁོར་བ་གནས་དེ་སྲིད། །
ནམ་མཁའི་མཐའ་དང་མཉམ་པ་ཡི། །
འགྲོ་བ་ཀུན་ལ་ཁྱད་མེད་འཇུག །
༡༣༢༽བྱང་ཆུབ་སེམས་མཆོག་སློབ་དཔོན་ཏེ། །
བྱ་བ་མིན་ལས་ཡོངས་སུ་ཟློག །
ལྷག་པའི་བསམ་པ་ཀུན་ནས་སྐྱེད། །
གཞན་ཕན་སྙིང་པོ་འཛིན་དུ་འཇུག །
༡༣༣༽སྐྱབས་འགྲོ་བྱང་ཆུབ་སེམས་བསྐྱེད་ཅིང༌། །
བསོད་ནམས་ཡེ་ཤེས་ཚོགས་བླངས་ནས། །
ཀུན་ནས་བླ་ན་མེད་པ་ཡི། །
བྱང་ཆུབ་འཐོབ་ན་ཅི་མ་རུང༌། །
༡༣༤༽བྱང་སེམས་བསྲུང་བྱའི་མཆོག་ཡིན་ཕྱིར། །
བྱང་སེམས་དྲན་པས་བསྲུང་བར་བྱ། །
བྱང་སེམས་ཤེས་བཞིན་གྱིས་བསྲུང་བྱ། །
བྱང་སེམས་བག་ཡོད་ཀྱིས་བསྲུང་བྱ། །
༡༣༥༽བྱང་ཆུབ་སེམས་ཀྱི་འདབ་བརྒྱ་པ། །
ཀུན་ནས་བཞད་ན་མ་བོས་ཀྱང༌། །
མ་དྷུ་དོན་དུ་གཉེར་བའི་བློས། །
འགྲོ་བའི་བུང་བ་ངང་གིས་འདུ། །
༡༣༦༽རིན་ཆེན་བྱང་ཆུབ་སེམས་མཆོག་གིས། །
ལུས་ཀྱི་བྱ་བ་ཆོས་མཐུན་བྱེད། །
ངག་གི་བྱ་བ་ཆོས་མཐུན་བྱེད། །
ཡིད་ཀྱི་བྱ་བ་ཆོས་མཐུན་བྱེད། །
༡༣༧༽རྒྱལ་བའི་སྲས་ཀྱི་བྱང་སེམས་མཐུས། །
དྲུང་ན་འཁོད་པའི་དུད་འགྲོ་དང༌། །
ཁྲོ་བའི་སེམས་པ་རབ་ཞི་སྟེ། །
ཕན་ཚུན་གནོད་སྤངས་མཛའ་བས་འཆིང༌། །
༡༣༨༽ཐེག་མཆོག་བྱང་སེམས་ལ་དགའ་བ། །
བྱང་ཆུབ་སེམས་དང་ལྡན་ལ་དགའ། །
བསུང་ཞིམ་ལ་དགའ་ཙནྡན་གྱི། །
ལྗོན་པ་མཆོག་ལ་རབ་ཏུ་དགའ། །
༡༣༩༽ཐེག་པ་མཆོག་གི་བྱང་ཆུབ་སེམས། །
མི་གནས་མྱང་འདས་འཐོབ་པ་ལ། །
ཐོག་མ་བར་དང་ཐ་མར་ཡང༌། །
མེད་མི་རུང་གིཡན་ལག་ཡིན། །
༡༤༠༽མྱུ་གུ་སྐྱེ་བའི་བྱ་བ་ལ། །
ས་བོན་བྲལ་ན་གང་གིས་ཕན། །
རྫོགས་པའི་སངས་རྒྱས་འཐོབ་པ་ལ། །
བྱང་སེམས་བྲལ་ན་གང་གིས་ཕན། །
༡༤༡༽ཇི་ལྟར་བྱང་ཆུབ་སེམས་མཆོག་ལ། །
སྐྱེས་བུ་དམ་པ་རབ་དགྱེས་པ། །
དེ་ལྟར་དམ་པ་མ་ཡིན་པའི། །
སྐྱེ་བོ་དགའ་བ་རྙེད་པར་དཀའ། །
༡༤༢༽བག་ལ་ཉལ་བཅས་རྣམ་པར་བྱང༌། །
ཤེས་བྱའི་དཀྱིལ་འཁོར་ཅིག་ཅར་ཆུབ། །
དེ་ལ་སེམས་ཤིང་འཇུག་པ་ལས། །
བྱང་ཆུབ་སེམས་ཀྱི་སྒྲ་འདི་སྙན། །
༡༤༣༽བྱང་ཆུབ་སེམས་ཀྱིས་ཉོན་མོངས་དང༌། །
བྱང་ཆུབ་སེམས་ཀྱིས་སྡུག་བསྔལ་འཇིགས། །
བྱང་ཆུབ་སེམས་ཀྱིས་ན་དང་འཆི། །
བྱང་ཆུབ་ལམ་དུ་སྒྱུར་བར་བྱེད། །
༡༤༤༽སྙིང་སྟོབས་ཆེ་ཆུང་ཁྱད་པར་ལས། །
རྒྱལ་པོ་མཉན་པ་རྫི་བོ་ལྟའི། །
བྱང་ཆུབ་སེམས་ནི་རྣམ་པ་གསུམ། །
རིམ་བཞིན་དམན་འབྲིང་མཆོག་ཏུ་ཤེས། །
༡༤༥༽བྱང་ཆུབ་སེམས་ཀྱིས་སྦྱིན་ཚུལ་དང༌། །
བཟོད་བརྩོན་བསམ་གཏན་ཤེས་རབ་ཀུན། །
སངས་རྒྱས་འཐོབ་པའི་རྒྱུ་རུ་བྱེད། །
ཕ་རོལ་ཕྱིན་པར་མིང་ཡང་འཐོབ། །
༡༤༦༽ཐེག་ཆེན་བྱང་ཆུབ་སེམས་ཀྱི་སར། །
འཇིག་རྟེན་པ་དང་ཐོས་སྒྲོག་དང༌། །
ཚོགས་སྤྱོད་བསེ་རུ་ལྟ་བུ་ཡི། །
ལྷག་པའི་བསམ་པ་ག་ལ་རྟོལ། །
༡༤༧༽རླབས་ཆེན་རྒྱལ་སྲས་དགྲ་ཀུན་དང༌། །
བར་མའི་འགྲོ་ལ་བྱང་སེམས་ཀྱིས། །
མཉམ་པར་ལྟ་བ་གཞན་དག་གིས། །
མཉམ་པར་ལྟ་ལས་རྨད་དུ་བྱུང༌། །
༡༤༨༽གྲུ་ཡིས་ཆུ་བོའི་ཕ་རོལ་སྒྲོལ། །
བཞོན་པས་འདོད་པའི་གནས་སུ་རྟོལ། །
དེ་བཞིན་བྱང་ཆུབ་སེམས་ཀྱིས་ཀྱང༌། །
རྫོགས་སངས་རྒྱས་ཀྱི་ས་ལ་སྐྱེལ། །
༡༤༩༽ས་དང་འདྲ་བ་ནས་བཟུང་སྟེ། །
སྤྲིན་འདྲའི་བར་གྱི་སེམས་བསྐྱེད་ལ། །
རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་ཅེས། །
མ་ཕམ་པ་ཡིས་རྒྱན་དུ་བཤད། །
༡༥༠༽ཐེག་པ་ཆེན་པོའི་བྱང་ཆུབ་སེམས། །
ཀུན་རྫོབ་དང་ནི་དོན་དམ་གཉིས།།
ཀུན་རྫོབ་བྱང་ཆུབ་སྨོན་དང་འཇུག །
དོན་དམ་རྟོག་མེད་སྤྲོས་དང་བྲལ། །
༡༥༡༽ཐེག་མཆོག་བྱང་ཆུབ་སེམས་བསྐྱེད་ན། །
མཆོག་དམན་དབུལ་ཕྱུག་མཁས་དང་བླུན། །
བྲམ་ཟེ་གདོལ་པ་སོགས་ཀྱང་རུང༌། །
ལྷ་དང་བཅས་པའི་མཆོད་གནས་འགྱུར། །
༡༥༢༽བྱང་ཆུབ་སེམས་ཀྱིས་ཟིན་པ་ཡི། །
ལྟ་སྒོམ་སྤྱོད་པ་ལ་བརྟེན་ནས། །
རྒྱུ་ཚོགས་ཚང་ལས་འབྲས་བུ་བཞིན། །
བླ་ན་མེད་པའི་བྱང་ཆུབ་རེག །
༡༥༣༽བདེ་བའི་ནང་ན་སྲེད་ཟད་བདེ། །
སྡུག་བསྔལ་ནང་ན་མནར་མེད་སྡུག །
རིགས་པའི་ནང་ན་ཆོས་ཉིད་རིགས། །
དགེ་སེམས་ནང་ན་བྱང་སེམས་མཆོག །
༡༥༤༽ཐེག་ཆེན་བྱང་ཆུབ་སེམས་འབྲལ་ན། །
ཞི་ལྷག་ཟུང་དུ་འབྲེལ་བ་ཡང༌། །
ཉན་རང་ས་ལ་སྐྱེལ་མོད་ཀྱི། །
རྫོགས་པའི་སངས་རྒྱས་འཐོབ་མི་སྲིད། །
༡༥༥༽ཐོས་པར་བྱ་བ་བྱང་ཆུབ་སེམས། །
བསམ་པར་བྱ་བ་བྱང་ཆུབ་སེམས། །
བསྒོམ་པར་བྱ་བ་བྱང་ཆུབ་སེམས། །
རྣམ་པ་ཀུན་ཏུ་གཅེས་པར་གཟུང༌། །
༡༥༦༽ལུས་ཀྱི་དགེ་བ་ཉམས་ཡང་བླ། །
ངག་གི་དགེ་བ་ཉམས་ཡང་བླ། །
ཡིད་ཀྱི་དགེ་གཞན་ཉམས་ཀྱང་བླ། །
བྱང་སེམས་གཞར་ཡང་ཉམས་མི་བྱ། །
༡༥༧༽བྱང་ཆུབ་སེམས་ཀྱིས་རྣམ་མཁྱེན་གྱི། །
གོ་འཕང་མཆོག་ལ་བདེ་བླག་རེག །
གནམ་གྲུ་ཤིན་ཏུ་མྱུར་བ་ཡིས། །
ས་ཕྱོད་ཆེ་ཡང་ག་ལ་རྟོལ། །
༡༥༨༽བྱང་ཆུབ་སེམས་ཀྱིས་མཁའ་མཉམ་པའི། །
ཕན་དང་བདེ་བའི་ཀུ་མུད་འགྲོལ། །
རྣམ་འཚེ་སོགས་ལས་ཡོངས་སུ་སྐྱོབ། །
རྫོགས་སངས་རྒྱས་ཀྱི་ས་ལ་འགོད། །
༡༥༩༽ཉེས་སྤྱོད་སྡོམ་པར་བྱེད་ན་ཡང༌། །
དགེ་བའི་ཆོས་རྣམས་སྡུད་ན་ཡང༌། །
རྩ་རླུང་ཐིག་ལེ་སྒོམ་ན་ཡང༌། །
བྱང་སེམས་བྲལ་ན་འཚང་མི་རྒྱ། །
༡༦༠༽བྱང་ཆུབ་སེམས་ཀྱིས་བདེ་ཡང་དགའ། །
བྱང་ཆུབ་སེམས་ཀྱིས་སྡུག་ཀྱང་དགའ། །
བྱང་ཆུབ་སེམས་ཀྱིས་ཡོད་ཀྱང་དགའ། །
བྱང་ཆུབ་སེམས་ཀྱིས་མེད་ཀྱང་དགའ། །
༡༦༡༽ཐེག་པ་ཆེན་པོའི་བྱང་ཆུབ་སེམས། །
ཕྱི་རོལ་ཉན་ཐོས་རང་རྒྱལ་གྱི། །
དགེ་སེམས་ཀུན་ལས་ལྷག་པ་སྟེ། །
དེ་ཕྱིར་བཅོམ་ལྡན་བླ་མས་བསྔགས། །
༡༦༢༽གང་ལ་ཐེག་མཆོག་བྱང་ཆུབ་སེམས། །
གནས་པ་དེ་དག་སྐད་ཅིག་ཀྱང༌། །
རང་དོན་དུག་ལ་ཇི་ལྟར་འཇུག །
གཞན་དོན་བདུད་རྩི་ག་ལ་འདོར། །
༡༦༣༽བསྐལ་པ་འཇིག་པར་བྱེད་པའི་མེ། །
རི་གླིང་ཆུ་གཏེར་དང་བཅས་སྲེག །
བྱང་ཆུབ་སེམས་ཀྱིས་སྡིག་ཆེན་རྣམས། །
སྐད་ཅིག་གཅིག་ལ་ངེས་པར་སྲེག །
༡༦༤༽ལུས་ངག་ཡིད་ཀྱི་བྱ་བ་ཀུན། །
དངོས་སམ་ཡང་ན་བརྒྱུད་ཀྱང་རུང༌། །
རང་དོན་ཉི་ཚེ་ཡལ་དོར་ནས། །
བྱང་སེམས་གཞན་ཕན་དང་དུ་ལེན། །
༡༦༥༽དམ་པའི་ཚུལ་ལ་དགྱེས་པ་ན། །
ཆེར་འོས་སེམས་བསྐྱེད་འདི་གཟུང་རིགས། །
རིན་པོ་ཆེ་ཡི་གླིང་ཕྱིན་པར། །
འདོད་པས་གཟིངས་ལ་བསྟེན་པ་བཞིན། །
༡༦༦༽ཐེག་ཆེན་སེམས་བསྐྱེད་སྤངས་པ་དག །
གཞན་དོན་སེམས་དང་དེའི་ཐབས་རྙེད། །
དགོངས་དོན་དེ་ཉིད་མཆོག་མཐོང་བའི། །
བདེ་བ་རྣམ་སྤངས་ཞི་བར་གྲོལ། །
༡༦༧༽ཉོན་མོངས་བདོ་བ་རྣམ་པར་སེལ། །
ཉེས་གཞན་གང་ཡང་མི་སྐྱེད་པ། །
རིགས་པའི་མཐར་ཐུག་བྱང་ཆུབ་སེམས། །
དེ་ལ་རྟོགས་ལྡན་སུ་མི་དགའ། །
༡༦༨༽རྒྱལ་བའི་སྲས་ཀྱི་བྱང་ཆུབ་སེམས། །
ཚུལ་གནས་ཐོས་བསམ་སྒོམ་པ་དང༌། །
མཁའ་ཁྱབ་འགྲོ་དོན་བྱེད་པ་ལ། །
ངང་གིས་སྐུལ་ཏེ་བཤེས་གཉེན་འདྲ། །
༡༦༩༽བྱང་སེམས་ལུས་ཅན་མཐའ་དག་ལ། །
བུ་གཅིག་པ་ཡི་མ་བཞིན་ལྟ། །
ལན་དང་རྣམ་སྨིན་མི་རེ་བར། །
གཞན་ཕན་རོ་གཅིག་བདུད་རྩིས་བྲེལ། །
༡༧༠༽བཤེས་གཉེན་རྗེས་སུ་འགྲོ་བ་ཡི། །
བྱ་བ་བྱེད་པ་བྱང་ཆུབ་སེམས། །
བླང་དང་དོར་བར་བྱ་བའི་གནད། །
ཚུལ་བཞིན་འཁྲུལ་པ་མེད་པར་འདོམས། །
༡༧༡༽རྣམ་པར་འཚེ་བ་ཐབས་མ་ཡིན། །
འཇིགས་ཚོགས་ལ་ལྟ་ངན་འགྲོ་དང༌། །
ཐེག་པ་དམན་པ་དག་ལས་ཀྱང༌། །
བྱང་ཆུབ་སེམས་ཀྱི་ཡོངས་སུ་སྐྱོབ། །
༡༧༢༽སྟོན་པས་དང་པོར་བྱང་ཆུབ་སེམས། །
བསྐྱེད་ནས་ཚོགས་རྫོགས་འགྲོ་མགོན་གྱུར། །
དེ་ཕྱིར་འོ་སྐོལ་རྣམས་ཀྱིས་ཀྱང༌། །
དང་པོར་དམ་པ་འདི་གཟུང་འོས། །
༡༧༣༽རང་གི་བསམ་གཏན་བདེ་དོར་ནས། །
གཞན་གྱི་སྡུག་བསྔལ་བསལ་བྱའི་ཕྱིར། །
མནར་མེད་པར་ཡང་དགའ་ཚལ་ལྟར། །
འཇུག་པ་བྱང་ཆུབ་སེམས་ཀྱིས་ཡིན། །
༡༧༤༽འགའ་ཞིག་བྱང་ཆུབ་སེམས་ཀྱི་དོན། །
ཚུལ་དང་མཐུན་པར་འཆད་ཤེས་མོད། །
སྐྱེ་བའི་རྒྱུ་ཚོགས་མ་ཚང་བས། །
རང་གི་རྒྱུད་ལ་བྱང་སེམས་དབེན། །
༡༧༥༽ནད་ཀྱིས་མནར་ལ་བྱང་སེམས་བསྒོམ། །
ཡིད་མི་བདེ་ན་བྱང་སེམས་བསྒོམ། །
དུཿཁ་འབྱུང་ན་བྱང་སེམས་བསྒོམ། །
འཇིགས་པ་འབྱུང་ན་བྱང་སེམས་བསྒོམ། །
༡༧༦༽གང་ཞིག་གཞན་འབྱོར་མི་དགའ་བ། །
དེ་ལ་བྱང་ཆུབ་སེམས་མི་གནས། །
གང་ཞིག་གཞན་ལ་ཁོང་ཁྲོ་བ། །
དེ་ལ་བྱམས་པ་མི་གནས་བཞིན། །
༡༧༧༽ཐེག་ཆེན་མདོ་སྡེ་བསླབ་སྤྱོད་དང༌། །
མདོ་རྒྱན་བྱང་ཆུབ་སེམས་ཀྱི་འགྲེལ། །
མངོན་རྒྱན་བྱང་ས་ལ་སོགས་གཞུང༌། །
བཀླག་ན་བྱང་ཆུབ་སེམས་ཚུལ་ཤེས། །
༡༧༨༽བྱང་ཆུབ་སེམས་ཀྱི་རྣམ་གཞག་ལ། །
ངེས་པ་རབ་བརྟན་མ་རྙེད་ན། །
ཉམས་ལེན་སོགས་ལ་བརྩོན་བྱས་ཀྱང༌། །
འདོད་དོན་རྫོགས་པ་གནས་མ་ཡིན། །
༡༧༩༽བྱང་ཆུབ་སེམས་དང་མི་ལྡན་ན། །
ཆོས་གཞན་ལྡན་ཡང་འཚང་མི་རྒྱ། །
སྲོག་གི་དབང་པོ་བཏང་གྱུར་ན། །
དབང་པོ་གཞན་གྱིས་དོན་མི་བྱེད། །
༡༨༠༽བླ་ན་མེད་པའི་བྱང་ཆུབ་མཆོག །
འདི་ལ་བརྟཻན་ནས་འཐོབ་པའི་ཕྱིར། །
བྱང་ཆུབ་སེམས་ཀྱི་དགེ་བའི་དཔེ། །
སྲིད་དང་ཞི་བ་གཉིས་ན་དབེན། །
༡༨༡༽རྐང་ལྡན་འདུས་ནད་སེལ་བའི་ཐབས། །
གསོ་བ་རིག་པའི་གཞུང་གིས་བསྟན། །
ཉོན་མོངས་སེལ་བའི་བྱང་ཆུབ་སེམས། །
ཐེག་པ་ཆེན་པོའི་གཞུང་གིས་བསྟན། །
༡༨༢༽སེམས་ཅན་སངས་རྒྱས་ལ་བརྟེན་ནས། །
བྱང་ཆུབ་སེམས་མཆོག་སྐྱེ་བའི་རྒྱུས། །
དེ་ལ་དོན་གཉིས་ལྡན་པའི་སེམས། །
ཞེས་བྱ་དམ་པའི་གཞུང་ན་གསལ། །
༡༨༣༽མཆོད་པ་ཀུན་གྱི་ནང་ནས་མཆོག །
བླ་ན་མེད་པའི་མཆོད་པ་ཡིན། །
དེ་ཡང་བྱང་ཆུབ་སེམས་སོགས་སྟེ། །
ཡོན་ཏན་འབྱུང་གནས་འདི་བསྟེན་འོས། །
༡༨༤༽ཤིན་ཏུ་རྙེད་དཀའི་བྱང་ཆུབ་སེམས། །
རང་གི་རྒྱུད་ལ་སྐྱེ་འདོད་པས། །
དེ་རྒྱུ་བྱམསདང་སྙིང་རྗེ་སོགས། །
འབད་པས་སྔོན་དུ་བསྒོམ་པར་བྱ། །
༡༨༥༽བྱང་སེམས་ལྡན་ན་ཡོན་ཏན་གང༌། །
བྱང་སེམས་བྲལ་ན་སྐྱོན་གང་ཞེས། །
ཕྲ་བའི་བློ་ཡིས་རྣམས་དཔྱད་ནས། །
རིག་པའི་རྗེས་སུ་འབྲང་བར་བྱ། །
༡༨༦༽མཁའ་ཁྱབ་མར་གྱུར་འགྲོ་བ་ཡི། །
ཕན་བདེ་རྟག་ཏུ་སྐྱེད་པའི་གཞི། །
རེ་རེའི་སྡུག་བསྔལ་ཀུན་སེལ་ལ། །
རིན་ཆེན་སེམས་མཆོག་ཁོ་ན་དབང༌། །
༡༨༧༽འབྱོར་ལྡན་ཀུན་གྱི་ཡོད་དོ་ཅོག །
ཡིད་བཞིན་ནོར་བུ་ཇི་ལྟ་བར། །
བྱང་ཆུབ་སེམས་ཞེས་བྱ་བ་འདི། །
རྒྱལ་སྲས་ཀུན་གྱི་ཡོད་དོ་ཅོག །
༡༨༨༽གཞན་གྱིས་གནོད་པ་བསྐྱལ་བའི་ལན། །
སྙིང་ནས་ཕན་པས་འཇལ་བྱེད་པ། །
བྱང་ཆུབ་སེམས་ཀྱི་ཆ་ཤས་ཤིག །
ཡིན་པར་དམ་པ་བཞེད་དམ་སྙམ། །
༡༨༩༽བདག་ནི་བྱང་ཆུབ་སེམས་དཔའ་ཞེས། །
གྲོག་མ་ལ་ཡང་བརྙས་མི་བྱ། །
དོན་དམ་བྱང་ཆུབ་སེམས་མཆོག་གིས། །
འགྲོ་བ་ཀུན་ལ་ཁྱབ་པར་བསྟན། །
༡༩༠༽འོ་མའི་སྙིང་པོ་མར་ཇི་བཞིན། །
ཐེག་ཆེན་སྙིང་པོ་བྱང་ཆུབ་སེམས། །
མེ་ཏོག་སྙིང་པོ་སྦྲང་རྩི་བཞིན། །
ཐེག་ཆེན་སྙིང་པོ་བྱང་ཆུབ་སེམས། །
༡༩༡༽བྱང་སེམས་གཏན་ལ་འབེབས་འདོད་པས། །
མདོ་སྡེ་རྒྱན་དུ་བཤད་པ་བཞིན། །
དེ་ཡི་རྟེན་དང་སེམས་སོགས་ཀྱིས། །
རྟག་ཏུ་ངེས་པར་བྱ་བ་ཡིན། །
༡༩༢༽བྱང་ཆུབ་སེམས་ནི་ཉམས་འགྱུར་ན། །
སླར་ཡང་བླང་བར་བྱ་བ་ཡིན། །
རིན་ཆེན་དང་པོའི་སྣོད་ཆག་ན། །
སླར་ཡང་བཅོས་སུ་རུང་བ་བཞིན། །
༡༩༣༽ལུས་ལ་ཡོན་ཏན་ཀུན་ཚང་ཡང༌། །
འདྲེན་བྱེད་མེད་ན་སྐལ་ངན་འགྱུར། །
ཡོན་ཏན་གཞན་དག་ཀུན་ལྡན་ཡང༌། །
བྱང་སེམས་མེད་ན་སྐལ་ངན་འགྱུར། །
༡༩༤༽གང་ལ་ཐུག་ཀྱང་བྱང་ཆུབ་སེམས། །
ནམ་ཡང་གཏང་བར་མི་བྱ་སྟེ། །
བྱང་ཆུབ་སེམས་མཆོག་བློས་བཏང་ན། །
སངས་རྒྱས་འཐོབ་པར་རྔོ་མི་ཐོགས། །
༡༩༥༽བྱང་ཆུབ་སེམས་སྐྱེ་འདོད་ན་དད་པ་དགོས། །
བྱང་ཆུབ་སེམས་སྐྱེ་འདོད་ན་ལེན་འདོད་དགོས། །
བྱང་ཆུབ་སེམས་སྐྱེ་འདོད་ན་སྙིང་རྗེ་དགོས། །
བྱང་ཆུབ་སེམས་སྐྱེ་འདོད་ན་འདི་དག་བསྒོམ། །
༡༩༦༽ཐེག་ཆེན་བྱང་ཆུབ་སེམས་བརྟེན་ནས། །
ལུས་ཀྱི་དགེ་བ་དག་པར་བྱ། །
ངག་གི་དགེ་བ་དག་པར་བྱ། །
ཡིད་ཀྱི་དགེ་བ་དག་པར་བྱ། །
༡༩༧༽ཐེག་ཆེན་བྱང་ཆུབ་སེམས་བརྟེན་ནས། །
ལུས་ཀྱི་དགེ་བ་བསྒྲུབ་པར་བྱ། །
ངག་གི་དགེ་བ་བསྒྲུབ་པར་བྱ། །
ཡིད་ཀྱི་དགེ་བ་བསྒྲུབ་པར་བྱ། །
༡༩༨༽བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཀྱང༌། །
རྒྱུད་ལ་མ་སྐྱེས་དགོས་པས་སྟོང༌། །
ས་བོན་བཏབ་ནས་རྨོས་ན་ཡང༌། །
མྱུ་གུ་མ་སྐྱེས་དགོས་པས་སྟོང༌། །
༡༩༩༽ཡིད་ཅན་ཀུན་གྱི་དགའ་སྐྱེད་པ། །
རྒྱལ་བ་ཡིས་ཀྱང་ག་ལ་སྤྱོད། །
བཅོས་མིན་བྱང་ཆུབ་སེམས་མཆིས་ན། །
དེ་ལ་ཕལ་ཆེར་དགའ་བ་ཉིད། །
༢༠༠༽ཐེག་པ་ཆེན་པོའི་ས་དང་ལམ། །
ཐམས་ཅད་བྱང་ཆུབ་སེམས་སུ་འདུས། །
ཕུང་པོ་རྣམ་ལྔ་འདི་དག་ལ། །
འདུས་བྱས་ཆོས་ཀུན་འདུས་པ་བཞིན། །
༢༠༡༽འགྲོ་ཡང་བྱང་ཆུབ་སེམས་དྲན་བྱ། །
འདུག་ཀྱང་བྱང་ཆུབ་སེམས་དྲན་བྱ། །
ཉལ་ཡང་བྱང་ཆུབ་སེམས་དྲན་བྱ། །
འགྲེང་ཡང་བྱང་ཆུབ་སེམས་དྲན་བྱ། །
༢༠༢༽བྱང་ཆུབ་སེམས་དང་འགལ་བའི་ལས། །
དྲན་དང་ཤེས་བཞིན་བསྟེན་ནས་སྤང༌། །
གལ་ཏེ་འགལ་ན་དེ་མ་ཐག །
བཤགས་པ་སོགས་ཀྱིས་ཕྱིར་བཅོས་བྱ། །
༢༠༣༽སྦྲིབས་པ་ཟས་ལ་དགའ་བ་བཞིན། །
སྐོམ་པ་བཏུང་བར་དགའ་བ་བཞིན། །
སྦྲེབས་པ་མེ་ལ་དགའ་བ་བཞིན། །
དམ་པ་བྱང་ཆུབ་སེམས་ལ་དགའ། །
༢༠༤༽ཇི་སྲིད་རང་དོན་ཁོ་ན་ཡི། །
བསམ་དང་སྦྱོར་བའི་ལྷད་འཇུག་པ། །
དེ་སྲིད་བཅོས་མིན་བྱང་ཆུབ་སེམས། །
དེ་ཡི་རྒྱུད་ལ་སྐྱེ་བར་དཀའ། །
༢༠༥༽སྔ་དྲོ་ལྡང་ཚེ་བྱང་སེམས་དང༌། །
མཐུན་པར་བྱ་ཞེས་སྙིང་ནས་བསམ། །
དགོངས་མོ་ཉལ་ཚེ་བྱང་སེམས་དང༌། །
མཐུན་པའམ་འགལ་བ་གང་བྱས་བརྟག །
༢༠༦༽རང་དོན་དུག་གི་སྡོང་པོ་འདི། །
རྩད་ནས་འབྱིན་པར་མི་བྱེད་ན། །
གཞན་དོན་ལ་དགའ་བྱང་སེམས་ཀྱི། །
དཔག་བསམ་ལྗོན་དབང་ག་ལ་རྒྱས། །
༢༠༧༽བྱང་ཆུབ་སེམས་ལས་གནས་སྐབས་བདེ། །
མཐར་ཐུག་རྫོགས་པའི་སངས་རྒྱས་འགྲུབ། །
དེ་ཕྱིར་འབད་པས་བྱང་སེམས་ཀྱི། །
ཆེ་བ་མཐའ་དག་བརྗོད་པར་བྱ། །
༢༠༨༽བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་པའི། །
རྒྱལ་སྲས་གཞན་གྱི་དོན་མཛད་པར། །
སོ་སྐྱེ་ཉན་ཐོས་རང་རྒྱལ་གྱི། །
གཞན་དོན་བྱེད་པས་འགྲན་མི་བཟོད། །
༢༠༩༽བྱང་ཆུབ་སེམས་ཀྱིས་ཟན་ཆངས་གཅིག །
བྱིན་པའི་བསོད་ནམས་གང་ཡིན་པར། །
མུ་སྟེགས་བྱེད་པས་སྟོང་གསུམ་གྱི། །
རིན་ཆེན་བསྟབས་ཀྱང་ཟླ་མི་ནུས། །
༢༡༠༽རྙེད་དཀའ་དལ་རྟེན་རིན་ཆེན་ཐོབ། །
མཇལ་དཀའ་སངས་རྒྱས་བསྟན་དང་མཇལ། །
བྱང་སེམས་ལག་ཏུ་མ་བསྟར་ན། །
འདི་ལས་ཕོངས་པ་གཞན་ཅི་ཡོད། །
༢༡༡༽ཐོག་མེད་ནས་བཟུང་ད་ལྟའི་བར། །
དོན་མེད་སྡུག་བསྔལ་ཆེན་པོས་མནར། །
བྱང་སེམས་ལྷུར་ལེན་མི་བྱེད་ན། །
སླར་ཡང་མཐའ་མེད་སྡུག་བསྔལ་མྱོང༌། །
༢༡༢༽ཉིན་མོར་བྱེད་པས་མུན་པ་སེལ། །
ཟླ་བས་འོད་ཀྱིས་གདུང་བ་སེལ། །
རིན་པོ་ཆེ་ཡིས་ཕོངས་པ་སེལ། །
བྱང་ཆུབ་སེམས་ཀྱིས་ཉོན་མོངས་སེལ། །
༢༡༣༽གང་གཞན་བྱང་ཆུབ་སཻམས་དཔའ་ལ། །
དང་བའི་མིག་གིས་བལྟ་ན་ཡང༌། །
བསོད་ནམས་མཐའ་ཡས་གསོག་པ་སྟེ། །
བྱང་ཆུབ་སེམས་ཀྱི་སྟོབས་ལས་ཡིན། །
༢༡༤༽བྱང་ཆུབ་སེམས་ཀྱི་དམིགས་པ་ནི། །
མཁའ་དང་མཉམ་པའི་མ་རྣམས་ཡིན། །
བྱང་ཆུབ་སེམས་ཀྱི་དམིགས་པ་ནི། །
ཡང་དག་རྫོགས་པའི་བྱང་ཆུབ་ཡིན། །
༢༡༥༽མཐའ་གཉིས་སྤངས་པའི་གོ་འཕང་མཆོག །
བདེ་བླག་འཐོབ་བྱེད་ཐབས་གང་ཞེས། །
སྲས་བཅས་རྒྱལ་བའི་དགོངས་པ་ན། །
རིན་ཆེན་བྱང་ཆུབ་སེམས་འདི་གཟིགས། །
༢༡༦༽བྱང་ཆུབ་སེམས་ཀྱིས་རང་དོན་སྒྲུབ། །
བྱང་ཆུབ་སེམས་ཀྱིས་གཞན་དོན་སྒྲུབ། །
བྱང་ཆུབ་སེམས་ཀྱིས་འཇིགས་པ་སྤོང༌། །
བྱང་ཆུབ་སེམས་ཀྱིས་གཉེན་པོ་བྱེད། །
༢༡༧༽རི་དབང་བཞིན་དུ་རབ་བརྟན་པ། །
ཇི་སྲིད་བྱང་ཆུབ་སེམས་མ་གྱུར། །
ཟབ་དང་རྒྱ་ཆེའི་རིམ་པ་ལ། །
འཇུག་པའི་བདུད་རྩི་སུ་ཡིས་མྱོང༌། །
༢༡༨༽བྱང་ཆུབ་སེམས་ཀྱིས་འཚེ་བ་དང༌། །
ངན་སོང་འཇིག་ལྟ་ཐེག་དམན་དང༌། །
ཐབས་མ་ཡིན་པ་དག་ལས་སྐྱོབ། །
དེ་ཕྱིར་སྐྱབས་ཀྱི་དམ་པར་གསལ། །
༢༡༩༽ཤེས་བྱའི་ནང་ནས་མཆོག་གྱུར་པ། །
ཡོན་ཏན་འོད་འཕྲོ་བྱང་ཆུབ་སེམས། །
གང་ཞིག་སློབ་པར་མི་བྱེད་པ། །
དེ་རྣམས་བློ་ནི་བེམས་པོ་འདྲ། །
༢༢༠༽རབ་བསིལ་ཀུན་གྱི་དགའ་བ་སྐྱེད། །
མཐོན་པོའི་སར་གནས་དམན་པར་གཞོལ། །
བྱང་སེམས་རྒྱལ་བའི་སྲས་ལ་སྟེ། །
ཟླ་བ་ལྷ་ཡི་ལམ་ན་གནས། །
༢༢༡༽རང་ཕན་སྡུག་བསྔལ་འབྱུང་བའི་གནས། །
གཞན་ཕན་བདེ་བ་འབྱུང་བའི་གནས། །
དེ་ལྟའི་འཕགས་མཆོག་འགྲོ་བ་ཡི། །
ཕན་བདེའི་གཏེར་ཁ་འབྱེད་ལ་སྤྲོ། །
༢༢༢༽བདེ་གཤེགས་སྲས་ཀྱིས་གཅན་གཟན་ལ། །
འཇིགས་པར་མི་བྱ་གང་གསུངས་པ། །
བྱང་ཆུབ་སེམས་ཀྱིས་ཡིན་གཞན་དུ། །
གནོད་པའི་བསམ་སྦྱོར་གྱིས་མ་ཡིན། །
༢༢༣༽བདེ་གཤེགས་སྐུ་གཟུགས་ཆོས་དང་སྲས། །
བླ་མ་གཉེན་བཤེས་ལ་གནོད་པར། །
གཤིན་པའི་བྱང་སེམས་ཉེར་བཟུང་ནས། །
བཟོད་པའི་གོ་ཆ་བགོ་བར་བྱ། །
༢༢༤༽བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །
རྒྱལ་སྲས་སྤྱོད་པ་བྱ་དཀའ་ཡང༌། །
ཆེད་དུ་བྱ་བ་གྱ་ནོམ་ཕྱིར། །
ཁ་ཆེ་སྐྱེས་བཞིན་བླང་བར་རིགས། །
༢༢༥༽འཇིགས་སྤོང་བྱང་ཆུབ་སེམས་བཟུང་ནས། །
ལོངས་སྤྱོད་ལུས་སྲོག་ལྟོས་མེད་པར། །
སྡེ་སྣོད་གསུམ་གྱི་སེངྒེའི་སྒྲ། །
ཀུན་གྱི་རྣ་བའི་ལམ་དུ་བསྒྲག །
༢༢༦༽བླ་མེད་བྱང་ཆུབ་སེམས་བསྐྱེད་ནས། །
བསླབ་པ་མཐའ་དག་བསྲུང་བར་བྱ། །
གཞན་དུ་བུ་ག་ཡོད་ས་ནས། །
དྲི་བཞོན་འཇུག་ལྟའི་ངང་ཚུལ་འཛིན། །
༢༢༧༽བྱ་བ་གང་ཞིག་བྱེད་ན་ཡང༌། །
བྱང་ཆུབ་སེམས་དང་སྦྲེལ་ནས་བྱ། །
བདེ་ནས་བདེ་བའི་མཐར་སོང་སྟེ། །
རྟག་ཏུ་ཉམས་མེད་བདེ་ཆེན་རེག །
༢༢༨༽རང་དོན་བསམ་པ་དོར་བའི་གཞིར། །
བྱང་ཆུབ་སེམས་ཀྱི་ལྗོན་རྩ་བརྟན། །
གཞན་ཕན་འབྲས་བུ་གཡུར་ཟ་ན། །
འགྲོ་བའི་རེ་བ་སྐོང་བར་ངེས། །
༢༢༩༽བྱང་ཆུབ་སེམས་ལ་གཞི་བཅས་ཏེ། །
ལྷག་པའི་ཚུལ་ཁྲིམས་ཏིང་ངེ་འཛིན། །
ཤེས་པའི་རབ་ཀྱི་བསླབ་པ་གསུམ། །
ཉམས་སུ་བླང་བར་བྱ་བ་ཡིན། །
༢༣༠༽གཞན་གྱི་སྡུག་བསྔལ་ནམ་སེལ་ནུས། །
གཞན་གྱི་ཡོན་ཏན་ནམ་སྒྲུབ་ནུས། །
སྙམ་པའི་བློ་ཡང་བྱང་སེམས་ཀྱི། །
ཆ་རུ་དམ་པ་བཞེད་དག་སྙམ། །
༢༣༡༽བདེ་ཚེ་བྱང་ཆུབ་སེམས་དྲན་བྱ། །
སྡུག་ཚེ་བྱང་ཆུབ་སེམས་དྲན་བྱ། །
རྒ་ཚེ་བྱང་ཆུབ་སེམས་དྲན་བྱ། །
འཆི་ཚེ་བྱང་ཆུབ་སེམས་དྲན་བྱ། །
༢༣༢༽ལེན་པར་འདོད་པའི་དད་པ་དང༌། །
སྙིང་རྗེས་སེམས་ཅན་ཀུན་ལ་ཁྱབ། །
ཐེག་པ་ཆེན་པོའི་རིགས་སད་ན། །
བྱང་ཆུབ་སེམས་མཆོག་སྐྱེ་མི་དཀའ། །
༢༣༣༽འཇུངས་པ་གསེར་དང་དངུལ་གྱིས་དགའ། །
འདོད་ལྡན་གཞོན་ནུ་མ་ཡིས་དགའ། །
འཁོར་འགྲོ་སྦྲང་མའི་རྩི་ཡིས་དགའ། །
དམ་པ་བྱང་ཆུབ་སེམས་ཀྱིས་དགའ། །
༢༣༤༽བྱང་ཆུབ་སེམས་ཀྱིས་མཁའ་མཉམ་འགྲོའི། །
བྱ་བའི་ཁུར་ཆེན་འདེགས་ཆས་པ། །
དེ་དག་སྐད་ཅིག་གཅིག་ཙམ་ཡང༌། །
གཞན་དོན་ལ་སྦྱོར་ལྷོད་མི་བྱེད། །
༢༣༥༽མདོག་བཟང་མདོག་ངན་འབྲལ་ཡང་རུང༌། །
བྱང་ཆུབ་སེམས་དང་འབྲལ་མི་རུང༌། །
གཉེན་བཤེས་ལུས་སྲོག་འབྲལ་ཡང་རུང༌། །
བྱང་ཆུབ་སེམས་དང་འབྲལ་མི་རུང༌། །
༢༣༦༽བྱང་ཆུབ་མཆོག་གི་སེམས་བཟུང་སྟེ། །
དྲན་དང་ཤེས་བཞིན་བག་ཡོད་ཀྱིས། །
བསླབ་པ་ལ་གནས་བསླབ་པ་བསྒྲུབ། །
བསླབ་པ་བསྲུང་བར་བྱ་བ་ཉིད། །
༢༣༧༽རྟག་དང་ཆད་པར་ལྟ་བ་ཡི། །
རྟོག་གེ་སྡེ་ལྔ་ལ་སོགས་པ། །
བྱང་ཆུབ་སེམས་ནི་མེད་པར་ངེས། །
གལ་ཏེ་ཡོད་ན་འདྲི་བར་གྱིས། །
༢༣༨༽བྱང་ཆུབ་སེམས་ཀྱི་གནད་ཤེས་ཕྱིར། །
ཐེག་པ་ཆེན་པོའི་བཤེས་གཉེན་བསྟེན། །
ཐེག་པ་ཆེན་པོའི་མདོ་སྡེ་བལྟ། །
བདེ་གཤེགས་སྲས་དང་འགྲོགས་པར་བྱ། །
༢༣༩༽དགྲ་ཡི་གནོད་པ་ཆུང་ངུའང་ཤེས། །
གཉེན་གྱི་ཕན་པ་ཆུང་ངུའང་ཤེས། །
འོན་ཀྱང་དམ་པ་ཁྱད་མེད་པར། །
ཕན་འདོགས་བྱང་ཆུབ་སེམས་ཀྱིས་བྱེད། །
༢༤༠༽ཉིན་མོར་བྱེད་པ་མངོན་མཐོ་ཡང༌། །
དམན་གནས་འདབ་བརྒྱ་རབ་ཏུ་བཞད། །
བྱང་ཆུབ་སེམས་མཆོག་མངོན་མཐོ་ཡང༌། །
དམན་གནས་དགེ་བློ་རབ་ཏུ་བཞད། །
༢༤༡༽སྐད་ཅིག་ཙམ་ཡང་རྒྱལ་སྲས་ཀྱི། །
དགེ་བའི་བར་དུ་གཅོད་པ་ལ། །
ངན་འགྲོའི་དུཿཁ་མཐའ་མེད་པར། །
འབྱུང་བ་བྱང་ཆུབ་སེམས་ལས་ཤེས། །
༢༤༢༽བྱང་ཆུབ་སེམས་མཆོག་བློས་བཏང་བ། །
ལྟུང་བའི་ནང་ན་ལྕི་བ་སྟེ། །
སྲོག་གི་དབང་པོ་ཉམས་གྱུར་ན། །
དབང་པོ་གཞན་གྱིས་དོན་མི་བྱེད། །
༢༤༣༽སྲིད་པ་ཇི་སྲིད་གནས་ཀྱི་རིང༌། །
འགྲོ་བདེ་མ་ལུས་འབྱུང་བའི་གནས། །
བྱང་ཆུབ་སེམས་ཞེས་བྱ་བ་སྟེ། །
འབད་པ་ཀུན་གྱིས་བླང་བར་བྱ། །
༢༤༤༽སྲིད་ན་མེད་ཐབས་མེད་པ་ཡི། །
ཆོས་ནི་གང་ཞེས་རྟོག་པ་ན། །
བྱང་ཆུབ་སེམས་མཆོག་ཁོ་ན་ལས། །
གཞན་ཞིག་དམ་པ་སུ་ལ་རྙེད། །
༢༤༥༽བྱང་ཆུབ་སེམས་ལས་བདེ་གཤེགས་སྲས། །
ཕྱོགས་རིས་མེད་པར་འགྲོ་ཀུན་ལ། །
བུ་གཅིག་མ་བཞིན་རུས་གཏང་ནས། །
དྲང་ཞིང་བྱམས་པའི་མིག་གིས་ལྟ། །
༢༤༦༽བྱང་ཆུབ་སེམས་ཀྱིས་ཉེར་བཅིངས་པའི། །
གཞན་ཕན་རླབས་ཆེན་བྱ་བ་ལ། །
གཞན་ཕན་བྱེད་པ་ལྟར་སྣང་བའི། །
བྱ་བ་སྟོང་གིས་སྒྲིན་མི་ཕོད། །
༢༤༧༽བླ་མེད་བྱང་ཆུབ་སེམས་སྒོ་ནས། །
འགྲོ་ཕན་དཔག་ཏུ་མེད་པར་འདོགས། །
དུཿཁ་རྒྱུ་དང་བཅས་པ་སེལ། །
གང་དེ་རྒྱལ་བའི་མྱུ་གུ་སྣང༌། །
༢༤༨༽བྱང་སེམས་ལྟུང་བ་བྱུང་གྱུར་ན། །
སླར་ཡང་བླང་དུ་རུང་མོད་ཀྱི། །
ས་འཐོབ་པ་ལ་ཡུན་རིང་ཐོགས། །
དེ་ཕྱིར་ལྟུང་བས་མ་གོས་གཅེས། །
༢༤༩༽བྱང་ཆུབ་སེམས་ལ་གཞིར་བཟུང་ནས། །
ཟབ་ཅིང་རྒྱ་ཆེ་ཟུང་འཇུག་གི །
སྤྱོད་པས་རྣམ་མཁྱེན་འཐོབ་པ་སྟེ། །
རྒྱུ་འབྲས་སླུ་བ་མེད་པར་ངེས། །
༢༥༠༽དངུལ་ཆུ་གསེར་དུ་སྣང་བ་ཡིས། །
ལྕགས་ཁམས་གསེར་དུ་སྒྱུར་བར་བྱེད། །
བྱང་ཆུབ་སེམས་ཀྱིས་ཉོན་མོངས་ཀྱང༌། །
བྱང་ཆུབ་ཡན་ལག་སྒྱུར་བར་བྱེད། །
༢༥༡༽རྐྱེན་ངན་དྲག་པོ་བྱུང་ན་ཡང༌། །
རི་ཡི་དབང་པོ་ཇི་ལྟ་བར། །
བྱང་ཆུབ་སེམས་ཀྱིས་བྱིན་བརླབས་པའི། །
རྒྱལ་བའི་སྲས་ལ་དེས་མི་ཚུགས། །
༢༥༢༽བྱང་ཆུབ་སེམས་ཀྱིས་མི་སློབ་པའི། །
མཆོག་ཏུ་མི་འགྱུར་བདེ་སྦྱིན་ན། །
ལྷ་དང་མི་ཡི་བདེ་བ་གང༌། །
འདྲེན་ལ་ངོ་མཚར་སུ་ཞིག་འཛིན། །
༢༥༣༽མཁྱེན་པ་ཤེས་བྱའི་མཐའ་ལ་རེག །
བརྩེ་བ་ལུས་ཅན་ཀུན་ལ་འཇུག །
ནུས་པ་གློག་གི་རྗེས་སུ་འགྲོ། །
འདི་དག་བྱང་ཆུབ་སེམས་ལས་འབྱུང༌། །
༢༥༤༽བྱང་ཆུབ་སེམས་ཀྱི་རིན་འབྱུང་ལས། །
མངོན་བལྟམས་ཡོན་ཏན་ཆ་ཤས་རྫོགས། །
ཐུབ་དབང་ཟླ་བ་འཇིག་རྟེན་གྱི། །
ཕན་བདེའི་ཀུ་མུད་འཛུམ་ལ་དབང༌། །
༢༥༥༽རབ་ཏུ་མི་གནས་མྱང་འདས་ཀྱི། །
ས་ལ་བགྲོད་པའི་ཐེག་པ་མཆོག །
བྱང་ཆུབ་སེམས་ཞེས་བྱ་བ་སྟེ། །
འདོད་པའི་སར་ཕྱིན་ཅང་ཤེས་མཚུངས། །
༢༥༦༽བྱང་ཆུབ་སེམས་ཀྱི་བྱིན་ཕེབས་ན། །
དྲན་པ་དང་འགྲོགས་ཤེས་བཞིན་གྱིས། །
ལུས་ངག་ཡིད་ཀྱི་བྱ་བ་ཀུན། །
ཆོས་དང་མཐུན་ནམ་མིན་ཞེས་རྟོག །
༢༥༧༽བྱང་ཆུབ་སེམས་ཀྱིས་མཐའ་གཅིག་ཏུ། །
རང་དོན་བཙན་དུག་ལྟ་བུར་མཐོང༌། །
བྱང་ཆུབ་སེམས་ཀྱིས་མཐའ་གཅིག་ཏུ། །
གཞན་དོན་བདུད་རྩི་ལྟ་བུར་མཐོང༌། །
༢༥༨༽བྱང་སེམས་མེད་ན་རྒྱལ་སྲས་མིན། །
ཚེ་འདིར་ཞེན་ན་སྐྱེས་བུ་མིན། །
བློ་ལྡོག་མེད་ན་ངེས་འབྱུང་མིན། །
མཐའ་དང་བཅས་ན་ལྟ་བ་མིན། །
༢༥༩༽རིན་ཆེན་བྱང་ཆུབ་སེམས་བོར་ན། །
གཞན་དོན་བྱེད་ཀྱང་ལྟར་སྣང་ཡིན། །
འབྲས་བུའི་ཁུར་གྱིས་སྟོང་པའི་ལྗོན། །
མཛེས་ཀྱང་བྲུ་བ་ཚ་མི་སེལ། །
༢༦༠༽རིན་ཆེན་རང་བཞིན་འཇིག་རྟེན་ན། །
ཇི་སྙེད་མཆིས་པ་གཅིག་བསྡུས་བཞིན། །
རྙེད་དཀའ་ཕན་འདོགས་ཟླ་དང་བྲལ། །
རྒྱལ་བས་རབ་བསྔགས་བྱང་ཆུབ་སེམས། །
༢༦༡༽ཀུན་བཟང་སྤྱོད་པ་སྤྱད་འདོད་ན། །
བྱང་ཆུབ་སེམས་ཀྱི་རྩ་བ་གཟུང༌། །
ལྗོན་བཟང་ཡལ་འདབ་རྒྱས་འདོད་ན། །
སྡོང་པོའི་རྩ་བར་ཆུ་འདྲེན་བྱེད། །
༢༦༢༽བྱང་ཆུབ་སེམས་ཀྱིས་རང་གི་དོན། །
དུག་བཞིན་མཐོང་ནས་ལྡོག་པར་བྱེད། །
བྱང་ཆུབ་སེམས་ཀྱིས་གཞན་གྱི་དོན། །
བདུད་རྩི་ལྟ་བུར་མཐོང་ནས་འཇུག །
༢༦༣༽རང་གི་སྲོག་རྒོལ་གནོད་བྱེད་ནའང༌། །
སྦྱོར་བས་ཕན་རྔོ་མི་ཐོག་ཀྱང༌། །
ཕན་པའི་བསམ་པ་དོར་མི་བྱ། །
གཞན་དུ་བྱང་ཆུབ་སེམས་དང་འགལ། །
༢༦༤༽སྙིང་རྗེས་རབ་བཟུང་བྱང་ཆུབ་སེམས། །
མཁའ་མཉམ་མ་ལ་ཕན་པ་དང༌། །
བདེ་བ་སྐྱེད་པའི་སེམས་ཡིན་ཞེས། །
སྐྱེས་མཆོག་བསྔགས་པའི་མེ་ཏོག་འཐོར། །
༢༦༥༽ཐེག་ཆེན་བྱང་ཆུབ་སེམས་སྐྱེས་ན། །
རང་དོན་གཅེས་འཛིན་ན་བུན་ཡལ། །
གཞན་དོན་སྙིང་པོ་ལྷུ་རུ་ལེན། །
མ་འདྲེས་པ་ཡི་བཤེས་སུ་འགྱུར། །
༢༦༦༽བྱང་ཆུབ་སེམས་ཀྱི་རྩ་བརྟན་ལས། །
རབ་སྐྱེས་སྤྱོད་པའི་ཡལ་འདབ་རྒྱས། །
བྱང་ཆུབ་འཕྲིན་ལས་འབྲས་བུ་ཡིས། །
ཡིད་ཅན་རེ་བ་སྐོང་འདི་རྨད། །
༢༦༧༽གཉིས་མེད་ཡེ་ཤེས་སྒྲུབ་བྱེད་མཆོག །
འགྲོ་བ་ཡོངས་ལ་བདེ་བྱེད་མཆོག །
དགེ་སེམས་ནང་ནས་ཀུན་གྱི་མཆོག །
བྱང་ཆུབ་སེམས་ཏེ་འཇིག་རྟེན་རྒྱན། །
༢༦༨༽བྱང་ཆུབ་སེམས་དང་འདྲ་བ་ཡི། །
ཐོས་པར་བྱ་བའི་ཆོས་གཞན་མེད། །
བྱང་ཆུབ་སེམས་དང་འདྲ་བ་ཡི། །
བསམ་བསྒོམ་བྱ་བའི་ཆོས་གཞན་མེད། །
༢༦༩༽དེ་བཞིན་ཉིད་ཀྱི་ལྷ་ལམ་དུ། །
གློ་བུར་དྲི་མའི་སྤྲིན་གྱིས་སྒྲིབ། །
བྱང་ཆུབ་སེམས་ཀྱི་འཐོར་རླུང་གིས། །
སྒྲོན་མས་མུན་པ་བཞིན་དུ་སེལ། །
༢༧༠༽སྲིད་པའི་ཉེས་པ་ཇི་བཞིན་ངེས། །
བྱང་ཆུབ་ཡོན་ཏན་ཚུལ་བཞིན་རྟོགས། །
ཐེག་པ་ཆེན་པོའི་རིགས་ལྡན་པར། །
བྱང་ཆུབ་སེམས་ཀྱི་མྱུ་གུ་རྒྱས། །
༢༧༡༽འདི་ནས་བྱང་ཆུབ་སྙིང་པོའི་བར། །
མཉེས་གཤིན་བཤེས་མཆོག་བྱང་ཆུབ་སེམས། །
དེ་ལ་དམ་པའི་སྐྱེས་བུ་དག །
ཇི་ལྟ་བུར་ན་སྟེན་མི་མཛད། །
༢༧༢༽ཉམ་ང་ཆེ་ཐང་བྱུང་ན་ཡང༌། །
སྐྱེ་བོས་མིག་ནི་སྲུང་བར་བྱེད། །
དེ་བཞིན་ཉམ་ང་ཅི་བྱུང་ཡང༌། །
དམ་པས་བྱང་ཆུབ་སེམས་འདི་སྲུང༌། །
༢༧༣༽དམ་ཆོས་འཆད་པའི་ཚུལ་ལ་མཁས། །
འཐད་པའི་རིགས་པས་དོན་མིན་འགོག །
རྩོམ་པས་དགའ་བའི་རོ་སྐྱེད་ཀྱང༌། །
བྱང་སེམས་མེད་ན་སུ་ཞིག་སྨོན། །
༢༧༤༽རྒྱལ་བ་སྲས་བཅས་ཀྱི་བསྔགས་པ། །
བྱང་ཆུབ་སེམས་འདི་གང་ལ་མངའ། །
དེ་ལ་དགྲ་ཡང་གུས་གྱུར་ན། །
སྐྱེ་བོ་གཞན་ལྟ་ཅི་ཞིག་གཏམ། །
༢༧༥༽དད་པའི་རྩ་བ་རབ་ཏུ་བརྟན། །
ཐེག་པ་ཆེན་པོའི་རིགས་དང་ལྡན། །
སྙིང་ནས་ལེན་པར་འདོད་པ་ན། །
བྱང་ཆུབ་སེམས་མཆོག་སྐྱེ་མི་དཀའ། །
༢༧༦༽བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །
སྲས་བཅས་རྒྱལ་བ་རྣམས་ཀྱིས་བརྟགས། །
རིན་ཆེན་དང་པོའི་བྱང་ཆུབ་སེམས། །
དོན་གཉིས་ཕུན་སུམ་ཚོགས་པའི་གཞི། །
༢༧༧༽གཞན་ལ་རྣམ་པར་འཚེ་བ་ཡི། །
བསམ་པ་བྱང་ཆུབ་སེམས་ཀྱི་དགྲ། །
ཀུན་ལ་སྙིང་ནས་མི་འཚེ་བའི། །
བསམ་པ་བྱང་ཆུབ་སེམས་ཀྱི་གཉེན། །
༢༧༨༽བྱང་ཆུབ་སེམས་མཆོག་སྐྱེ་འདོད་ན། །
ཀུན་ལ་ཕན་པའི་བསམ་པ་བསྒོམ། །
བྱང་ཆུབ་སེམས་མཆོག་སྐྱེ་འདོད་ན། །
རྟག་ཏུ་རྣམ་མཁྱེན་ཡིད་ལ་བྱ། །
༢༧༩༽དགྲ་གཉེན་བར་མའི་སེམས་ཅན་ལ། །
མཉམ་པ་ཉིད་དུ་ཕན་འདོག་པས། །
བྱང་སེམས་དཔག་ལྗོན་བརྟན་བཟུང་ནས། །
སྲོག་ལ་ཐུག་ཀྱང་བཏང་མི་བྱ། །
༢༨༠༽རྟག་ཏུ་ཁྲོ་བས་རང་རྒྱུད་སྲེག །
ང་རྒྱལ་གྱིས་ཁེངས་ཕྲག་དོག་ལྡན། །
དེ་ལ་བྱང་སེམས་རིན་པོ་ཆེ། །
ཉེ་བའི་གོ་སྐབས་ནམ་ཞིག་འཐོབ། །
༢༨༡༽མཁའ་མཉམ་འགྲོ་བ་རང་གི་མ། །
ཡིན་སྙམ་སྒོམ་པའི་སྐྱེས་བུ་ལ། །
ཐེག་པ་ཆེན་པོའི་བྱང་ཆུབ་སེམས། །
སྐྱེ་ལ་མངོན་དུ་ཕྱོགས་པར་སྣང༌། །
༢༨༢༽བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས། །
ནད་སེལ་སྙིང་གི་སྟོབས་རྒྱས་ཤིང༌། །
ལན་དང་རྣམ་སྨིན་མི་རེ་བར། །
ཀུན་ལ་མཉམ་པར་གཅིག་ཏུ་ཕན། །
༢༨༣༽ཐེག་ཆེན་རྩ་བ་བྱང་ཆུབ་སེམས། །
རང་ལ་ཡོད་དམ་མེད་ཅེས་བརྟག །
གལ་ཏེ་མེད་ན་ཆོ་ག་བཞིན། །
བླངས་ནས་ཉམས་པ་མེད་པར་བྱས། །
༢༨༤༽གཞན་དོན་ལྷུ་རུ་ལེན་བྱེད་པ། །
རིན་ཆེན་བྱང་ཆུབ་སེམས་ཀྱི་གྲོགས། །
རང་དོན་ལྷུ་རུ་ལེན་བྱེད་པ། །
རིན་ཆེན་བྱང་ཆུབ་སེམས་ཀྱི་དགྲ། །
༢༨༥༽དད་པ་རབ་བརྟན་རྙེད་པར་དཀའ། །
དལ་འབྱོར་ལུས་རྟེན་རྙེད་པར་དཀའ། །
དམ་པའི་སྐྱེས་བུ་རྙེད་པར་དཀའ། །
བྱང་ཆུབ་སེམས་མཆོག་རྙེད་པར་དཀའ། །
༢༨༦༽བྱང་ཆུབ་སེམས་ཀྱི་སྨན་བསྟེན་ན། །
ཀུན་ནས་ཉོན་མོངས་ནད་ཀུན་ཞི། །
དེ་ཕྱིར་སྲིད་ན་འདི་འདྲ་བའི། །
སྨན་གཞན་མེད་པར་གོར་མ་ཆག །
༢༨༧༽བཟོད་དཀའི་ནད་ཀྱིས་མནར་མོད་ཀྱང༌། །
བྱང་ཆུབ་སེམས་མཆོག་ནན་གྱིས་བསྒོམ། །
རབ་ཏུ་ཚ་བས་གདུངས་པ་དག །
གངས་ཆུ་ཡིད་ལ་བྱེད་པ་བཞིན། །
༢༨༨༽མཁའ་མཉམ་འགྲོ་བ་བདེ་འདོད་ན། །
བྱང་ཆུབ་སེམས་ལ་གཅེས་པར་གཟུང༌། །
མཁའ་མཉམ་འགྲོ་ལ་ཕན་འདོད་ན། །
བྱང་ཆུབ་སེམས་ལ་གཅེས་པར་གཟུང༌། །
༢༨༩༽བྱང་ཆུབ་སེམས་མ་བསྟེན་ན་སངས། །
མ་རྒྱས་མི་རྒྱས་རྒྱས་མི་འགྱུར། །
དེ་ཕྱིར་སངས་རྒྱས་འཐོབ་འདོད་པས། །
བྱང་ཆུབ་སེམས་ཀྱི་ས་བོན་ཐོབ། །
༢༩༠༽བདག་ཏུ་ལྟ་བའི་མུན་པ་ཆེ། །
སེལ་བའི་ཉིན་བྱེད་བྱང་ཆུབ་སེམས། །
སྣང་ནས་སྣང་བར་འགྲོ་བ་དག །
འདི་ལ་བསྟེན་པ་གཅིག་ཏུ་དགེ །
༢༩༡༽བྱང་ཆུབ་སེམས་ཀྱིས་ཟུག་རྔུ་འབྱིན། །
བྱང་ཆུབ་སེམས་ཀྱིས་རྣམ་འཚེ་འཇོམས། །
བྱང་ཆུབ་སེམས་ཀྱིས་མི་བདེ་སེལ། །
བྱང་ཆུབ་སེམས་ཀྱིས་འཇིགས་པ་སྤོང༌། །
༢༩༢༽སྐྱེ་བོ་མ་ལུས་མགུ་བྱེད་པ། །
ཐུབ་མཆོག་གིས་ཀྱང་དཀའ་བ་ཡིན། །
རང་ལ་བྱང་ཆུབ་སེམས་མཆིས་ན། །
ཕལ་ཆེར་དགའ་བར་འགྱུར་བ་ཡིན། །
༢༩༣༽དོན་ལ་ཐེག་པ་ཆེན་པོ་པ། །
བྱེད་པར་བསམ་ན་བྱང་ཆུབ་སེམས། །
མ་སྐྱེས་བསྐྱེད་པར་བྱ་བ་ན། །
སྐྱེས་པ་གཞར་ཡང་ཉམས་མི་བྱ། །
༢༩༤༽སྤྱིར་ན་དགེ་སེམས་སྐྱེ་བ་དཀའ། །
ཐར་པ་ཆ་མཐུན་དེ་བས་དཀའ། །
དེ་ལས་བྱང་སེམས་རིན་པོ་ཆེ། །
སྐྱེ་བ་དཀའ་ཡང་ནན་གྱིས་བསྐྱེད། །
༢༩༥༽ཡིད་ཡོང་བྱང་དང་སྙིང་རྗེ་སོགས། །
རྒྱུན་དུ་ཡུན་རིང་སྒོམ་པ་ལས། །
ཐེག་ཆེན་བྱང་ཆུབ་སེམས་སྐྱེ་སྟེ། །
རྒྱུ་ཚོགས་ཚང་ལས་མྱུ་གུ་བཞིན། །
༢༩༦༽བྱང་ཆུབ་སེམས་དང་ལྡན་གྱུར་ན། །
ན་ཡང་ལེགས་ལ་ཤི་ཡང་ལེགས། །
ཐོས་ཀྱང་ལེགས་ལ་སྒོམ་ཡང་ལེགས། །
ཇི་ལྟར་བྱས་ཀྱང་ལེགས་པ་འདྲ། །
༢༩༧༽བྱང་ཆུབ་སེམས་འདི་གོམས་གྱུར་ན། །
དེ་ཡིས་སྡིག་པ་མ་སྤངས་ཅི། །
དེ་ཡིས་དགེ་བ་མ་བྱས་ཅི། །
སྤྲོ་བས་ནན་གྱིས་བསྒོམ་པར་བྱ། །
༢༩༨༽བྱང་ཆུབ་སེམས་ཀྱི་རྩི་བྲལ་ན། །
ཐེག་ཆེན་ཐར་ཆའི་དགེ་མི་འགྱུར། །
དེ་ལྟར་གྱུར་ནས་སངས་རྒྱས་ཀྱི། །
གོ་འཕང་དམ་པ་ག་ལ་རྙེད། །
༢༩༩༽རྟག་ཏུ་ཉོན་མོངས་ཀྱིས་དཀྲུགས་པའི། །
རྒྱུད་ལ་བྱང་སེམས་སྐྱེ་བ་དཀའ། །
འདམ་རྫབ་དབེན་པའི་ས་ཕྱོགས་སུ། །
འདམ་ལས་སྐྱེས་པའི་འདབ་བརྒྱ་བཞིན། །
༣༠༠༽བྱང་ཆུབ་སེམས་ཀྱི་གཞི་ཚུགས་ན། །
ཉེས་སྤྱོད་མི་བཟད་ངང་གིས་འགག །
ལེགས་སྤྱོད་མཐའ་དག་ལག་ཏུ་འོང༌། །
བྲེད་འཁྲིམས་དང་བྲལ་བརྟན་པ་འཐོབ། །
༣༠༡༽མི་གང་བྱང་ཆུབ་སེམས་མ་བླངས། །
དེ་ཡི་སྐྱེ་བ་དོན་ལྡན་མིན། །
ས་བོན་ས་ལ་མ་བཏབ་པར། །
བཙས་མ་རྔ་བར་འདོད་པ་བཞིན། །
༣༠༢༽པདྨས་སྐྱུག་པའི་ཟིལ་མངར་གྱི། །
རོ་ལ་འཁོར་འགྲོ་འཕུར་ཞིང་ལྡིང༌། །
བྱང་ཆུབ་སེམས་ཀྱི་འདབ་བརྒྱ་པར། །
གྲོལ་བ་དོན་གཉེར་སྤྲོ་བས་འཇུག །
༣༠༣༽ཕུལ་དུ་བྱུང་བའི་རྒྱན་གང་ཞིག །
སྙན་ངག་མཁན་པོའི་བདོག་ཀུན་ཏེ། །
དེ་བཞིན་དམ་པའི་སྐྱེས་བུ་ཡི། །
བདོག་ཀུན་བྱང་སེམས་རིན་པོ་ཆེ། །
༣༠༤༽སྨ་གྱི་ནང་ན་རྣམ་པར་རྒྱལ། །
རིན་ཆེན་ནང་ན་ཡིད་བཞིན་ནོར། །
མེ་ཏོག་ནང་ན་པདྨ་དཀར། །
དགེ་སེམས་ནང་ན་བྱང་ཆུབ་སེམས། །
༣༠༥༽བྱང་ཆུབ་སེམས་ཀྱིས་སློབ་དཔོན་བྱེད། །
བྱང་ཆུབ་སེམས་ཀྱིས་ས་ལམ་བགྲོད། །
བྱང་ཆུབ་སེམས་ཀྱིས་དོན་གཉིས་སྦྱོར། །
བྱང་ཆུབ་སེམས་ཀྱིས་རྣམ་མཁྱེན་རེག །
༣༠༦༽གང་ཞིག་འབད་པ་དུ་མ་ཡིས། །
ཐེག་ཆེན་བྱང་ཆུབ་སེམས་བཟུང་བ། །
དེ་ཡིས་བསོད་ནམས་མ་བྱས་ཅི། །
དེ་ཡིས་ཡེ་ཤེས་མ་བསྐྱེད་གང༌། །
༣༠༧༽རང་དང་གཞན་གྱི་འབྱོར་པའི་གནས། །
རྒྱལ་སྲས་རྣམས་ཀྱི་བྱང་ཆུབ་སེམས། །
རྒྱལ་པོས་ཐོད་དུ་བཅིངས་པ་ཡི། །
ནོར་བུ་ལ་ཡང་འཕྱ་བར་བྱེད། །
༣༠༨༽བྱང་སེམས་རིན་ཆེན་སྤུད་པ་ཡི། །
བསོད་ནམས་ཆེན་པོ་གང་ན་བཞུགས། །
གནས་དེ་གཞན་ལས་ཁྱད་དུ་འཕགས། །
གང་ན་སྟོན་མཆོག་གཞེས་པ་འདྲ། །
༣༠༩༽བྱང་ཆུབ་སེམས་ཀྱི་ཀུན་སློང་གིས། །
བྱ་བ་གང་བརྩམས་ཐམས་ཅད་དགེ །
སྨན་གྱི་ས་བོན་ལས་བྱུང་བའི། །
ཡལ་འདབ་མེ་ཏོག་འབྲས་བུ་དགེ །
༣༡༠༽རིན་ཆེན་བྱང་ཆུབ་སེམས་མཆོག་གི །
ཕན་ཡོན་དཔག་ཏུ་མེད་པ་སྟེ། །
ཚད་མའི་ལུང་དང་འཐད་སྒྲུབ་ཀྱི། །
རིགས་པ་དག་གིས་རབ་ཏུ་གསལ། །
༣༡༡༽ཚུལ་ཁྲིམས་ལས་ནི་ཉམས་ཀྱང་བླ། །
བྱང་ཆུབ་སེམས་ལས་ཉམས་ན་སྨད། །
དང་པོའི་འབྲས་བུ་མཐོ་རིས་ཏེ། །
གཉིས་པའི་འབྲས་བུ་སངས་རྒྱས་ཡིན། །
༣༡༢༽རྟག་ཏུ་བྱང་ཆུབ་སེམས་མཆོག་ལ། །
གཅེས་པར་འཛིན་པའི་རྒྱུད་བརླན་པ། །
དེ་དག་བདེ་ནས་བདེ་བ་རུ། །
བཞུད་པར་འགྱུར་བ་སུ་ཡིས་འགོག །
༣༡༣༽བེམས་པོའི་རང་བཞིན་སངས་རྒྱས་ཀྱི། །
བྱང་ཆུབ་སྦྱིན་པར་ནུས་མ་ཡིན། །
དེ་ལྟ་བས་ན་ཡིད་བཞིན་ནོར། །
བྱང་ཆུབ་སེམས་ཀྱི་དཔེར་མི་འོས། །
༣༡༤༽གླང་པོ་ཆེས་ཡི་གླང་པོ་དང༌། །
ནོར་གྱིས་ནོར་གཞན་འགུགས་མོད་ཀྱི། །
བྱང་ཆུབ་སེམས་ཀྱིས་སྲིད་པ་དང༌། །
ཞི་བའི་དཔལ་ཡོན་མཐའ་དག་འགུགས། །
༣༡༥༽བྱང་ཆུབ་སེམས་དང་བྲལ་ན་ཡང༌། །
རང་ཉིད་ཐེག་ཆེན་པར་རློམ་པ། །
བདོག་པ་ཀུན་གྱིས་བཏང་ན་ཡང༌། །
རང་ཉིད་འབྱོར་ལྡན་སེམས་དང་མཚུངས། །
༣༡༦༽མ་ཡིས་བུ་ལ་ལྟ་བ་བཞིན། །
མཆོག་དམན་བར་གྱི་སེམས་ཅན་ལ། །
བྱང་ཆུབ་སེམས་ཀྱིས་རབ་བསྐུལ་བའི། །
སྤྱན་གྱིས་བཙའ་བར་སུ་མི་དགའ། །
༣༡༧༽ཕན་བདེའི་འབྱུང་གནས་བྱང་ཆུབ་སེམས། །
སྲིད་ན་ཆེ་བའི་ལྷར་གྲགས་པ། །
པདྨའི་སྐྱེ་གནས་ཐ་གུའི་ལྟོ། །
མིག་སྟོང་པར་ཡང་བདོག་གམ་ཅི། །
༣༡༨༽བདེ་གཤེགས་སྲས་ལ་དགྱེས་བྱེད་པའི། །
བྱང་ཆུབ་སེམས་མཆོག་འདི་མཐོང་ནས། །
ཀུན་དགའ་སྐྱེད་པའི་ཁེངས་ལྡན་པའི། །
ཟླ་བ་མཁའ་ལ་འཁྱུས་པ་སྙམ། །
༣༡༩༽ཟླ་བ་ག་བུར་ཙནྡན་དཀར། །
ཕྱོགས་འགའ་ཞིག་ཏུ་བསྡུས་པ་བཞིན། །
ཉོན་མོངས་གདུང་བ་སེལ་བྱེད་པས། །
བྱང་ཆུབ་སེམས་འདི་རབ་ཏུ་བསིལ། །
༣༢༠༽བྱང་ཆུབ་སེམས་ཀྱི་བདུད་རྩི་གང༌། །
མགྲིན་པར་ཟག་པའི་སྐྱེ་བོ་ལ། །
ལྷ་ཡི་འཆི་བ་མེད་པ་ཡིས། །
ཡིད་ལ་དགའ་བ་ཇི་ལྟར་སྐྱེད། །
༣༢༡༽བྱང་ཆུབ་སེམས་དབྱེས་སྐྱོན་མེད་དང༌། །
སྤྱོད་པ་ལ་འཇུག་སྐྱེ་གཅིག་ཐོགས། །
སྲིད་པ་ཐ་མའི་རྒྱལ་བའི་སྲས། །
རྣམ་པ་བཞི་རུ་འགྱུར་བ་ཡིན། །
༣༢༢༽འདོད་པའི་ཡོན་ཏན་རྣམ་པ་ལྔའི། །
རོ་བྲོ་བ་ལ་ཞེན་པ་དག །
བྱང་ཆུབ་སེམས་ཀྱི་རོ་མཆོག་ལ། །
སྨོན་པ་ཙམ་ཡང་བགྱིད་པར་དཀའ། །
༣༢༣༽བྱམས་པའི་དཀྱིལ་འཁོར་ཟླུམ་ཞིང་མཛེས། །
སྙིང་རྗེས་རི་དྭགས་མཚན་མ་བཀྲ། །
བྱང་ཆུབ་སེམས་ཀྱི་ཟླ་བ་འདི། །
ཡོད་བཞིན་གནམ་གྱི་ཟླ་བས་ཅི། །
༣༢༤༽འཆིང་བ་ཀུན་ལས་རྣམ་པར་འགྲོལ། །
འཕོ་མེད་བདེ་བ་མཆོག་འཐོབ་པའི། །
བསམ་པ་གང་ལ་བརྟན་ཡོད་པ། །
དེ་དག་བྱང་ཆུབ་སེམས་བཟུང་རིགས། །
༣༢༥༽མཁས་པར་འདོད་ན་བྱང་སེམས་སློབ། །
བཙུན་པར་འདོད་ན་བྱང་སེམས་སློབ། །
བཟང་པོར་འདོད་ན་བྱང་སེམས་སློབ། །
གཞན་ཕན་འདོད་ན་བྱང་སེམས་སློབ། །
༣༢༦༽བྱང་ཆུབ་སེམས་ཀྱི་ཆེ་བ་གང༌། །
རྗོད་པར་སྐྱོབ་པས་མི་སྤྱོད་ན། །
འཇིག་རྟེན་ཉན་ཐོས་རང་རྒྱལ་དང༌། །
འཕགས་མཆོག་གིས་ལྟ་ག་ལ་ནུས། །
༣༢༧༽དམན་པར་ཕན་པ་བྱང་ཆུབ་སེམས། །
བར་མར་ཕན་པ་བྱང་ཆུབ་སེམས། །
མཆོག་ལ་ཕན་པ་བྱང་ཆུབ་སེམས། །
ཀུན་ཕན་བྱང་སེམས་མ་ཡིན་ནམ། །
༣༢༨༽བྱང་སེམས་བཅུད་ལེན་རྙེད་པ་ན། །
བཅུད་ལེན་གཞན་གྱི་དགོས་པ་ཅི། །
མཁའ་ཟླ་མཐོང་བས་ཆུ་ནང་གི །
ཟླ་བ་སྙིང་པོར་སུ་ཞིག་འཛིན། །
༣༢༩༽བྱང་ཆུབ་སེམས་ཀྱི་བདེ་བའི་གཟིས། །
འཁོར་སྒྱུར་མཆོད་སྦྱིན་བརྒྱ་པ་དང༌། །
ཚངས་སོགས་འཇིག་རྟེན་བདེ་ཇི་སྙེད། །
ཉི་མས་མེ་ཁྱེར་བཞིན་དུ་གནོན། །
༣༣༠༽བྱམས་པའི་ཆུ་བོ་ལ་བརྟེན་ཅིང༌། །
རྗེས་བརྩེའི་འདབ་བརྒྱར་ཆགས་པའི་རྩི། །
བྱང་ཆུབ་སེམས་ཏེ་སྐལ་ལྡན་གྱི། །
ར་ཡིག་གཉིས་པ་འགུགས་ལ་དབང༌། །
༣༣༡༽བྱང་ཆུབ་སེམས་ལ་མ་བརྟེན་པར། །
སངས་རྒྱས་མ་བྱོན་མི་འབྱོན་ཞིང༌། །
འབྱོན་པར་མི་འགྱུར་དེ་ཡི་ཕྱིར། །
རྟག་ཏུ་གུས་པས་འགྲོགས་པར་འོས། །
༣༣༢༽ཉ་མོ་ཆུ་ཡིས་བཏང་གྱུར་ན། །
འཚོ་བའི་གོ་སྐབས་ག་ལ་རྙེད། །
བྱང་ཆུབ་སེམས་ཀྱིས་བཏང་གྱུར་ན། །
རྫོགས་བྱང་འདོད་ཀྱང་ག་ལ་རྙེད། །
༣༣༣༽བྱང་ཆུབ་སེམས་ཀྱིས་བརླན་པ་ཡི། །
ངག་གི་སྦྱོར་བ་རྣ་བར་འཇེབས། །
དཔྱིད་ཀྱི་ཕོ་ཉ་མྱོས་པའི་གླུ། །
སྒྲ་འཛིན་དག་ལ་དགའ་བ་སྟེར། །
༣༣༤༽བྱང་ཆུབ་སེམས་དང་འབྲེལ་བའི་དགེ །
རྣམ་མཁྱེན་བར་དུ་འཕེལ་བ་ཉིད། །
དཀར་པོའི་ཕྱོགས་ཀྱི་ཟླ་བའི་ཆ། །
གོང་ནས་གོང་དུ་འཕེལ་བ་བཞིན། །
༣༣༥༽བྱང་ཆུབ་སེམས་བྲལ་མཁས་ཀྱང་ཅི། །
བྱང་ཆུབ་སེམས་བྲལ་བཙུན་ཡང་ཅི། །
བྱང་ཆུབ་སེམས་བྲལ་བཟང་ཡང་ཅི། །
དེ་ཕྱིར་བྱང་སེམས་ལྡན་པ་གཅེས། །
༣༣༦༽ཡོན་ཏན་དུ་མས་སྤ་ན་ཡང༌། །
བྱང་སེམས་དམན་ན་སུ་ཡིས་རྩི། །
གཟུགས་བྱད་ལྟ་ན་སྡུག་པ་ཡང༌། །
མིག་གིས་དམན་ན་སུ་ཡིས་རྩི། །
༣༣༧༽ཀུན་རྫོབ་བྱང་ཆུབ་སེམས་མཆོག་གི །
ཉམས་ལེན་བདག་གཞན་བརྗེ་སོགས་ཏེ། །
དོན་དམ་བྱང་ཆུབ་སེམས་མཆོག་གི །
ཉམས་ལེན་སྟོང་ཉིད་སྒོམ་པ་ཡིན། །
༣༣༨༽འཆག་ན་བྱང་ཆུབ་སེམས་ཀྱིས་བཅག །
འདུག་ན་བྱང་ཆུབ་སེམས་ཀྱིས་བསྡད། །
འགྲེང་ན་བྱང་ཆུབ་སེམས་ཀྱིས་བསླང༌། །
ཉལ་ན་བྱང་ཆུབ་སེམས་ཀྱིས་བསྙལ། །
༣༣༩༽ལྟ་ན་བྱང་ཆུབ་སེམས་ཀྱིས་བལྟ། །
ཟ་ན་བྱང་ཆུབ་སེམས་ཀྱིས་བཟའ། །
སྨྲ་ན་བྱང་ཆུབ་སེམས་ཀྱིས་སྨྲ། །
རྟོག་ན་བྱང་ཆུབ་སེམས་ཀྱིས་བརྟག །
༣༤༠༽ནང་ན་བྱང་ཆུབ་སེམས་མེད་ན། །
སྤྱོད་ལམ་མཛེས་ཀྱང་ཅི་ལ་ཕན། །
ནང་ན་བྱང་ཆུབ་སེམས་མེད་ན། །
ལུང་རིགས་སྨྲ་ཡང་ཅི་ལ་ཕན། །
༣༤༡༽མཁའ་ནོར་གྱིས་གདུབས་ལག་ལྡན་ནི། །
པད་ལྡན་རྫིང་བུར་འཇུག་པ་ལྟར། །
བློ་ནོར་ལྡན་པ་བྱང་སེམས་ཀྱི། །
མཚོ་ལ་ངང་གིས་འཇུག་པ་ཉིད། །
༣༤༢༽ བྱང་ཆུབ་སེམས་ཀྱི་བསོད་ནམས་ལ། །
ཚད་ཀྱིས་འཇལ་བར་སུ་འདོད་པ། །
ནམ་མཁའ་འདོམ་གྱིས་འཇལ་བ་དང༌། །
རྒྱ་མཚོ་ཕུལ་གྱིས་གཤོར་དང་མཚུངས། །
༢༤༣༽གང་ལ་རྫོགས་པའི་བྱང་ཆུབ་སེམས། །
མངའ་བའི་སྐྱེས་བུ་དམ་པ་དག །
བདེ་ཡང་རྣམ་པར་འགྱུར་བ་མེད། །
སྡུག་ཀྱང་རྣམ་པར་འགྱུར་བ་མེད། །
༣༤༤༽ཉན་བྱའི་མཆོག་གྱུར་བྱང་ཆུབ་སེམས། །
བཤད་བྱའི་མཆོག་གྱུར་བྱང་ཆུབ་སེམས། །
བརྟག་བྱའི་མཆོག་གྱུར་བྱང་ཆུབ་སེམས། །
བསྒོམ་བྱའི་མཆོག་གྱུར་བྱང་ཆུབ་སེམས། །
༢༤༥༽ བྱང་ཆུབ་སེམས་ཀྱིས་སྤང་བྱ་མི་སྤོང་ཅི། །
བྱང་ཆུབ་སེམས་ཀྱིས་ཐོབ་བྱ་མི་འཐོབ་ཅི། །
བྱང་ཆུབ་སེམས་ཀྱིས་གཞན་དོན་མི་བྱེད་ཅི། །
བྱང་ཆུབ་སེམས་ཀྱིས་རང་དོན་མི་བྱེད་ཅི། །
༣༤༦༽ བྱང་ཆུབ་སེམས་ཀྱིས་རྫོགས་པ་ཡི། །
སངས་རྒྱས་ས་ལ་འཕེན་པར་བྱེད། །
དགེ་བའི་ལས་ཀྱིས་ལུས་ཅན་དགའ། །
མཐོ་རིས་དག་ཏུ་འཕེན་པར་བཞིན། །
༣༤༧༽རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱིས། །
ལན་ཅིག་མིན་པར་བྱང་སེམས་བསྔགས། །
དེ་བས་བདག་ལེགས་འདོད་པ་དག །
ཐེ་ཚོམ་མེད་པར་བྱང་སེམས་གཟུང༌། །
༣༤༨༽བདག་དང་མཁའ་མཉམ་འགྲོ་བ་ཀུན། །
བདེ་འདོད་སྡུག་བསྔལ་མི་འདོད་པར། །
མཐོང་ནས་བདག་གཞན་མཉམ་པའི་བློས། །
རྟག་ཏུ་བྱང་ཆུབ་སེམས་བསྒོམ་བྱ། །
༣༤༩༽རང་དོན་སྒྲུབ་པ་ཡལ་བར་དོར། །
གཞན་དོན་སྒྲུབ་པ་ལྷུར་བླངས་ནས། །
བདག་པས་གཞན་གཅེས་བྱང་ཆུབ་སེམས། །
འབད་པས་རང་གི་རྒྱུད་ལ་སྦྱོར། །
༣༥༠༽བྱང་ཆུབ་སེམས་ལ་ཕ་དང་མ། །
གཉེན་བཤེས་ཆུང་མ་བུ་འདྲ་བར། །
བསམ་ནས་རྣམ་པ་ཐམསཅད་དུ། །
ཕན་ཞིང་དགའ་བའི་འདུ་ཤེས་གཞག །
༣༥༡༽རྫོགས་པའི་བྱང་ཆུབ་སེམས་ལྡན་པའི། །
དམ་པ་སྐད་ཅིག་མ་ཙམ་ཡང༌། །
དུག་དང་མཚུངས་པའི་རང་གི་དོན། །
ལྷུ་རུ་ལེན་པ་ག་ལ་མཛད། །
༣༥༢༽བདག་གཞན་བརྗེ་བ་ལ་སོགས་ཀྱིས། །
ཀུན་རྫོབ་བྱང་ཆུབ་སེམས་མཆོག་བསྒོམ། །
མཐའ་བྲལ་ཤེས་རབ་ལ་སོགས་ཀྱིས། །
དོན་དམ་བྱང་ཆུབ་སེམས་མཆོག་བསྒོམ། །
༣༥༣༽ངག་རིག་ཀུན་གྱི་བརྗོད་པ་ཡི། །
ཡོན་ཏན་ཇི་སྙེད་མཆིས་གྱུར་པ། །
དེ་ཡིས་བྱང་ཆུབ་སེམས་ཆར་ཡང༌། །
འགྲན་པའི་གོ་སྐབས་སྙེད་པར་དཀའ། །
༢༥༤༽སྲིད་དང་ཞི་མཐར་མི་གནས་པ། །
བླ་ན་མེད་པའི་གོ་འཕང་མཆོག །
འཐོབ་བྱེད་བྱང་ཆུབ་སེམས་ཡིན་པས། །
གྲོགས་དག་གཅེས་པར་མཛད་ན་དགེ །
༣༥༥༽རང་གི་ཡིད་ལ་བསྒོམ་པའི་ཕྱིར། །
བྱང་ཆུབ་སེམས་ཀྱི་ཚུལ་འདི་བཤད། །
འདི་ལ་ནོངས་པའི་ཆ་མཆིས་ན། །
སྲས་བཅས་རྒྱལ་བའི་སྤྱན་སྔར་འཆགས། །
༢༥༦༽བྱང་ཆུབ་སེམས་མཆོག་ལས་བརྩམས་ཏེ། །
ཅུང་ཟད་བརྗོད་པའི་དགེ་སྲིད་ན། །
མཁའ་དང་མཉམ་པའི་མ་རྣམས་ཀྱི། །
རྒྱུད་ལ་བྱང་སེམས་སྐྱེ་བར་སྨོན། །
ཞེས་བྱང་ཆུབ་སེམས་ཀྱི་བསྟོད་པ་རིན་ཆེན་སྒྲོན་མར་འབོད་པ་འདི་ཡང་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་འཕགས་ཡུལ་ཝཱ་རཱ་ཎ་སིར་སྦྱར་བའོ།། །།