ཆོས་མཐུན་དང་ཆོས་མིན་གྱི་བྱ་བའི་སྐོར། བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ཆབ་སྲིད་ལས་དོན་འདི་སྤྱིར་བཏང་གི་ཆབ་སྲིད་ལས་དོན་དང་མི་འདྲ་བར། བོད་མི་རིགས་དང༌། བོད་ཀྱི་རིག་གཞུང་བཟང་པོ་སླར་ཆུད་ཐབས་བྱེད་པ་ཡིན། བོད་ཀྱི་རིག་གཞུང་ནི་སྙིང་རྗེ་རྩ་བར་གྱུར་པའི་སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་ཡོད་པ་ཡིན། རིག་གཞུང་འདིས་རང་རེའི་ནང་པ་རྣམས་ལ་ཕན་ཐོགས་ཡོད་པ་མ་ཟད། ཆོས་ལ་དད་པ་མེད་མཁན་རྣམས་ལའང་ཕན་ཐོགས་ཡོད་པ་ཡིན། དེས་མ་ཚད་སྲོག་ཆགས་སྤྱི་ལ་བདེ་སྐྱིད་སྐྲུན་གྱི་ཡོད། དེ་ལྟར་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་བརྟེན་ང་རང་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཞིག་གི་བྱ་བ་དེ་བསྒྲུབ་རྒྱུ་ནི་རང་ཉིད་ཀྱི་བྱང་ཆུབ་སྒྲུབ་པའི་ལམ་དང༌། མི་ཚེ་དོན་དང་ལྡན་པ་བྱེད་པ་ཞིག་ཡིན་སྙམ་ནས་འགན་ཁུར་བླངས་ཏེ་ལྷག་བསམ་རྣམ་དག་གིས་ཧུར་ཐག་བྱེད་ཀྱི་ཡོད། ཆོས་སྲིད་ཟུང་དུ་འབྲེལ་ནས་སེམས་ཅན་གྱི་དོན་དུ་ལས་ཀ་བྱ་རྒྱུ་འདི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཆགས་ཡོད། ད་ལྟ་བོད་ཀྱི་གནས་སྟངས་ཛ་དྲག་གི་དུས་སྐབས་འདིར་བླ་མ་དགེ་བཤེས་སོགས་སྤྱི་ཚོགས་ནང་ནུས་པ་ཡོད་མཁན་ཚོར་དེ་ལྟར་གནང་དགོས་ཞེས་འབོད་བསྐུལ་ཞུ་གི་ཡོད། སྤྱིར་བཏང་གཞུང་གི་ལས་བྱེད་པ་ཁྱིམ་པ་ཚོས་ཉིན་རེ་རང་གི་ནུས་པ་བརྒྱ་ཆ་ ༥༠ སྤྱི་དོན་ལ་བཏང་གི་ཡོད་ན། རྟེན་རབ་བྱུང་ཚོས་ཉུང་མཐར་བརྒྱ་ཆ་ ༧༥ གཏོང་ཐུབ་པའི་ཆ་རྐྱེན་ཡོད་པ་ཡིན། དེར་བརྟེན་ངོས་ནས་བླ་མ་དགེ་བཤེས་སོགས་སྤྱི་ཚོགས་ཐོག་ཕན་ནུས་ཀྱི་ནུས་པ་ཡོད་མཁན་ཚོར་བོད་དོན་ཐོག་འགན་བཞེས་དགོས་པ་ལས་ང་ཆོས་པ་ཡིན། ཆབ་སྲིད་ཤེས་ཀྱི་མེད། མགོ་འཚོད་ཀྱི་མེད་ཅེས་བརྗོད་ན་མི་འགྲིགས་ཞེས་འབོད་བསྐུལ་བྱེད་ཀྱི་ཡོད།