དགེ་བའི་བཤེས་གཉེན་ཆེན་པོ་དགེ་དཔལ་ལྡན་གྲགས་པས་མཛད་པའི་དམ་ཆོས་སྣང་བའི་སྒྲོན་མེ་ལས་བཏུས།
དྲི་བ། བླ་མ་དང་སྐུ་གསུང་ཐུགས་རྟེན་མཇལ་ཁ་ཡང་ཡང་ཞུ་དགོས་པའི་རྒྱུ་མཚན་གང་ལགས།
ལན།
དེ་ནི་སྐྱེས་རབས་ལས། དམ་པ་དག་དང་ལན་གཅིག་ཙམ། །ཇི་ལྟར་འདོད་པར་འཕྲད་ཀྱང་རུང༌། །འདྲིས་པར་བྱ་བ་མི་དགོས་པར། །རབ་ཏུ་བརྟན་པ་ཉིད་དུ་འགྱུར། །དམ་པ་རྣམས་ནི་སུས་ཀྱང་མི་བསྲིང་ངོ༌།།དུལ་བའི་ཚུལ་གྱིས་དགེ་བར་བསྟེན་པར་བྱ། །གང་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བགོས་པར་ཡང་འགོས་པར་འགྱུར། །ཞེས་དང༌། དཔུང་བཟང་གིས་ཞུས་པ་ལས། སྐྱེས་བུ་གང་ཞིག་འཆི་བའི་ཚེ། །བླ་མ་སྐད་ཅིག་དྲན་གྱུར་ན། །འཕོ་བ་རྣམས་ཀྱི་མཆོག་ཏུ་འགྱུར། །ཞེས་དང༌། ངེས་པ་དང་མ་ངེས་པར་འཇུག་པའི་མདོ་ལས། མི་ཞིག་གིས་སེམས་ཅན་ཚང་མའི་མིག་གཏོན་པ་དེ་ཀུན་མི་གཞན་ཞིག་གིས་བྱམས་པས་ཚང་མར་སླར་བསྐྲུན་པའི་བསོད་ནམས་ལས་ཀྱང༌། གང་གིས་དད་པས་བྱང་ཆུབ་སེམས་དཔའ་མཇལ་བ་དེ་བསོད་ནམས་ལྷག་པར་ཆེ་ཚུལ་གསུངས་པ་སོགས་དང༌། དད་པའི་སྟོབས་བསྐྱེད་པའི་མདོ་ལས། གང་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྷའི་གོས་རྣམས་སྦྱིན་པ་བས་གཞན་ཞིག་གིས་སངས་རྒྱས་ཀྱི་སྐུ་རི་མོར་བྲིས་པའམ་གཟུགས་སུ་བྱས་པ་མཐོང་བ་ནི་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་ན། ཐལ་མོ་སྦྱོར་བའམ་མེ་ཏོག་ལ་སོགས་པ་འབུལ་བ་ལྟ་ཅི་སྨོས། ཞེས་དང༌། སྙིང་རྗེ་པད་དཀར་ལས། ཀུན་དགའ་བོ། གང་དག་ཐ་ན་རྨི་ལམ་དུ་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས་སེམས་དང་བར་བྱེད་ན། ཀུན་དགའ་བོ་དགེ་བའི་རྩ་བ་དེའི་འབྲས་བུ་མྱ་ངན་ལས་འདས་པ་ཡིན། མྱ་ངན་ལས་འདས་པ་ཀླས་ཤིང་མྱ་ངན་ལས་འདས་པ་མཐས་གཏུགས་པར་འགྱུར་བར་ང་སྨྲའོ། །ཞེས་གསུངས་པ་སོགས་དམ་པ་གོང་མ་རྣམས་ཀྱིས་དེ་དང་དེ་འདྲའི་ལུང་མང་དུ་དྲངས་ཏེ་དེ་དག་གི་དགོས་དོན་ཕན་ཡོན་གསལ་བར་གསུངས་འདུག་པ་ལྟར་ལ། དེ་ཡང་དཔེར་ན། ཚེ་འདིའི་འདོད་དོན་གལ་ཆེ་བསྒྲུབ་པར་ཡང༌། དེ་གང་ལས་བྱུང་བའི་ཡུལ་དེ་དང་དེར་གཏུགས་འབྲེལ་འགྲོགས་འདྲིས་བསྟེན་མཁས་ཡང་ཡང་བྱེད་དགོས་པ་ལྟར་རམ་སྙམ།
དྲི་བ།
མཇལ་ཞུའི་དུས་ཐོག་མར་ཕྱག་འཚལ་དགོས་པ་དེ་གང་ལགས།
ལན།
འདི་ནི་གོང་དུ་ཞུས་ཟིན་ལྟར་དོན་དངོས་འབྲེལ་བྱས་ན། གང་ལ་ཕྱག་བྱ་ཡུལ་དེ་ལ་བདེ་སྡུག་ཞུ་བའི་དོན་དུ་མགོ་འབུལ་ལུས་འབུལ་ལམ་སྒོ་གསུམ་གྱི་དབང་ཆ་དེའི་ཕྱག་ཏུ་འབུལ་བའི་དད་གུས་ཀྱིས་སྐྱབས་ཞུའི་རྣམ་འགྱུར་བསྟན་པའི་ཚད་དུ་སྣང་སྟེ་དེ་འདྲའི་མཚོན་བྱེད་ཡིན་པར་སེམས།
དྲི་བ།
བླ་མའི་དྲུང་ནས་སྲུང་མདུད་ཞུ་བ་དེས་ཕན་ཐོགས་གང་ཡོད་ལགས།
ལན།
དེ་ནི་མི་དང་མི་མིན་ལས་བྱུང་བའི་རྐྱེན་ངན་བར་ཆད་ཀྱི་གནོད་འཚེ་སྲུང་བར་ཕན། དེའི་རིགས་རྣམས་འགོམ་ཡུག་དང་བཙོག་རིགས་ཀྱིས་མ་གོས་པར་གཙང་ལེགས་ལུས་ལ་འཆང་ན་མེ་མདའ་སོགས་མཚོན་ཆའི་རིགས་དང༌། གདོན་འདྲེ་སོགས་ཀྱི་གནོད་པས་མི་ཚུགས་པའི་ཚུལ་མཐོང་ཐོས་གསལ་པོ་ཡོད་པས་ཕན་ཐོགས་ཤིན་ཏུ་ཆེ།
དྲི་བ།
བླ་མ་ལ་ཡིད་ཆེས་ཀྱི་དད་པ་སྐྱེ་ཐབས་གང་བྱེད་དགོས་ལགས།
ལན།
འདི་ནི་སྟོན་པ་སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེས་རྣལ་མ་ཞིག་སྐྱེས་ན་དེ་ཚུལ་བཞིན་དུ་སྟོན་པའི་བླ་མའམ་དགེ་བའི་བཤེས་གཉེན་རྣམས་ལའང་ཡིད་ཆེས་ཀྱི་དད་པ་ངང་གིས་སྐྱེ་བར་ངེས། དེ་ཡང་སངས་རྒྱས་ཀྱི་ཆོས་སམ་བསྟན་པ་ལ་ཡིད་ཆེས་རྙེད་ཐབས་ལ་རབ་ནི། རིགས་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པས། ཚད་མ་རྣམ་འགྲེལ་དུ། སྐྱེ་བ་སྔ་ཕྱི་དང༌། ལས་རྒྱུ་འབྲས། བདེན་བཞིའི་བླང་དོར། ཐར་པ་དང་ཐམས་ཅད་མཁྱེན་པ་བཅས་སྒྲུབ་བྱེད་རྣམ་དག་གི་སྒོ་ནས་ལེགས་པར་བསྟན་ཡོད་ཅིང༌། དེ་ཡང་མདོར་བསྡུ་ན། བདག་མེད་རྟོགས་པའི་ཤེས་རབ་དང་བྱམས་སྙིང་རྗེ་སོགས་ལེགས་པར་གོམས་ན་སེམས་ཀྱི་རང་བཞིན་ནམ་བདག་ཉིད་དུ་འགྱུར་རྒྱུ་ཡོད་པ་དང༌། བདག་འཛིན་མ་རིག་པ་དང་ཆགས་སྡང་སོགས་ཀྱི་བག་ཆགས་དང་བཅས་གཏན་ཟད་དུ་འགྲོ་རྒྱུ་ཡོད་ཚུལ་སོགས་ཀྱི་སྒོ་ནས་སྟོན་པ་དང་བསྟན་པ་སྐྱོན་མེད་ཅིང་བསླུ་བ་མེད་ཚུལ་རྒྱུ་མཚན་ཡང་དག་གི་སྒོ་ནས་གསལ་བར་གཏན་ལ་ཕབ་ཡོད་པ་དེ་བཞིན་དུ་ལེགས་པར་ངེས་ཐབས་ལ་འབད་དགོས། དེ་ལྟར་མ་བྱུང་ཚེ། ཐབས་གཞན་གནད་བསྡུས་ན། མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་བསྟན་པའམ་ཆོས་ཞེས་པ་དེ་ཉིད་དངོས་ཤུགས་བརྒྱུད་ནས་གཙོ་བོ་སེམས་རྒྱུད་འདུལ་བྱེད་དམ་འཆོས་བྱེད་ཅིག་ལ་གོ་དགོས། དེ་ཡང་ང་ཞེས་པ་དེ་ཉིད་ནི་ལུས་སེམས་འདུ་འབྲེལ་ལ་བརྟེན་ནས་བཏགས་པ་ཙམ་ལས་གཞན་དུ་མེད་སྟབས། ལུས་མ་བདེ་བ་དང་སེམས་མ་བདེ་བ་གང་བྱུང་ཡང་ང་མ་བདེ་བ་ཡོང་གིན་ཡོད་པ་དང༌། དེ་ལ་ལུས་མི་བདེ་བའི་རྒྱུ་ལ་རིགས་མང་ཡང་རྩ་བ་རླུང་མཁྲིས་བད་ཀན་གསུམ་དུ་འདུས་པ་ལྟར། སེམས་མི་བདེ་བའི་རྒྱུར་ཉོན་མོངས་པའི་རིགས་མང་ཡང་རྩ་བ་ཆགས་སྡང་རྨོངས་གསུམ་དུ་འདུས། དེས་ན་ལུས་ལ་རླུང་མཁྲིས་སོགས་འཕེལ་ཏེ་ན་ཚ་དྲག་པོས་མནར་བའི་ཚེ། ནད་དེ་དག་གིས་ལུས་དང་སྲོག་ཀྱང་འཇོམས་ཉེན་བཅས་ལ་འཇིགས་སྐྲག་སྐྱེས་ཏེ་སྨན་པ་མཁས་པ་བསྟེན་པ་དང༌། དེས་ཇི་ལྟར་བསྒོས་པ་ལྟར་སྨན་ལེགས་པར་བེད་སྤྱད་དེ་ལུས་བདེ་སེང་ངེ་སོང་བ་ཙམ་ནས་ཆོས་དང་བླ་མ་ལ་དད་གུས་སྐྱེ་ཐབས་ཡོད་དོ་སྙམ། གཞན་ཡང་བླ་མ་སྐྱེས་བུ་དམ་པ་རྣམས་ཀྱི་མཛད་པ་རྣམ་ཐར་སོགས་ཡང་ཡང་བཀླག་པའམ་ཉན་པ་དང༌། ལྷག་པར་དེ་དག་དང་པོ་སྐུ་འཁྲུངས་དུས་དང༌། ཐ་མར་ཞིང་ལ་གཤེགས་སྐབས་སུ་མི་ཕལ་པ་གཞན་དང་གཏན་ནས་མི་འདྲ་བའི་ཧ་ཅང་ངོ་མཚར་བའི་མཛད་སྤྱོད་རྟགས་མཚན་འདྲ་མིན་དངོས་སུ་མཇལ་རྒྱུ་ཡོད་པ་སོགས་དང༌། དེ་བཞིན་དམ་པ་དེ་དག་གིས་གནས་སྐབས་རྐྱེན་ངན་བར་ཆད་ཞི་བ་དང༌། བྱ་བ་ལམ་འགྲོ་ཡོང་བར་རིམ་གྲོ་བྱིན་རླབས་ཇི་ལྟར་གནང་བས་ཕན་ཐོགས་ཇི་བྱུང་སོགས་ལ་བསམ་ཞིབ་བགྱིས་ནའང་ཆོས་དང་བླ་མ་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོར་རྙེད་པར་འགྱུར་རོ་སྙམ་ལགས་སོ།།
རྣམ་ཀུན་ཆོས་སྤྱོད་ཇི་ལྟར་བྱ་བའི་ཚུལ། །རྣམ་དཔྱོད་ཅན་གྱིས་དེ་ལྟར་དྲིས་པའི་ལན། །རྣམ་དག་ལུང་ནས་ཇི་བཞིན་བཏུས་པ་འདིས། །རྣམ་མང་འགྲོ་ལ་དེ་བཞིན་ལེགས་སྨན་ཤོག །
དགེ་མིང་དཔལ་གྲགས་པས། ཕྱི་ལོ་༡༩༨༥ཟླ་༥ཚེས་༡༣ལ་བྲིས་པ་དེ་ཉིད་ལ་ཡང་སྐྱར་༡༡༩༧ཟླ་༨ཚེས་༡༥ཉིན་སྐྱོན་བསལ་ཁ་བསྐོང་གང་འོས་བགྱིས་པ་དགེའོ།། །།