ར་ས་བསྟན་ཕུན་དཔལ།
ཇི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་ལས།
ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ།།
བསྟན་པ་དང་ནི་གྲུབ་མཐའ་འོ།།
བྱིས་པ་རྣམས་ལ་བསྟན་པ་བཤད།།
རྣལ་འབྱོར་པ་ལ་གྲུབ་མཐའ་འོ།།
ཞེས་གསུངས་པ་ལྟར། གཞུང་ལུགས་ལ་སྦྱངས་པ་དག་གིས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རང་གི་བློ་ཡུལ་དུ་གྲུབ་པའི་ཚུལ་ལུང་རིགས་གང་རུང་ལ་བརྟེན་ནས་སྨྲ་བར་བྱེད་ཅིང་དེ་ལས་གཞན་དུ་མ་འདོད་པར་མཐའ་དེ་ཙམ་དུ་འདོད་པའི་ཁས་ལེན་གྱི་ཚུལ་ལུགས་ཞིག་ལ་གྲུབ་མཐའ་ཞེས་བརྗོད་དོ།།
སྤྱིར་གྲུབ་མཐའ་ལ་ཕྱེ་ན་ནང་པའི་གྲུབ་མཐའ་དང་ནང་པ་མིན་པའི་གྲུབ་མཐའ་གཉིས་ཡོད། དེ་ལ་ཐོག་མར་ནང་པ་ཞེས་པ་ནི་བྱུང་ན་སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཞིག་དགོས་ཤིང༌། ཅི་སྟེ་མ་མཐའ་ཡང་ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་པ་ལ་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པ་ཞིག་དགོས། དེ་ཡང་བསྟན་པ་འདིའི་དབང་དུ་བྱས་ན་སྔོན་རྒྱལ་པོ་ཟས་གཙང་གི་སྲས་དོན་གྲུབ་བྱ་བ་འཇིག་རྟེན་ཕལ་པའི་སྣང་ཚུལ་ལ་དགུང་ལོ་ཉི་ཤུ་རྩ་དགུ་ནས་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་སྟེ། ནགས་སུ་ལོ་དྲུག་གི་རིང་དཀའ་བ་སྤྱད་པས། མཐར་སངས་རྒྱས་ཞིང༌། ཆོས་འཁོར་བསྐོར་བ་ནས་ནང་པ་ཞེས་པ་བྱུང་བ་ཡིན།
ནང་ཆོས་ཞེས་པ་ནི་སློབ་དཔོན་དབྱིག་གཉེན་གྱིས།
སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།
ལུང་དང་རྟོགས་པའི་བདག་ཉིད་དོ།།
ཞེས་གསུངས་པ་བཞིན། སྟོན་པས་གསུངས་པའི་གསུང་རབ་སྡེ་སྣོད་གསུམ་སོགས་སངས་རྒྱས་པའི་ལུང་དང༌། ལྷག་པའི་བསླབ་པ་གསུམ་གྱིས་བསྡུས་པའི་རྟོགས་པའི་ཡོན་ཏན་ལ་གོ་དགོས་པ་ཡིན། ཡང་ནང་པའི་ཁྱད་ཆོས་ནི་གསུམ་དུ་ཡོད་དེ།
༡ སྟོན་པ་སྐྱོན་ཅི་ཡང་མེད་ཅིང་ཡོན་ཏན་ཐམས་ཅད་ཡོད་པ།
༢ བསྟན་པ་སེམས་ཅན་འབུ་སྲིན་ལྟ་བུ་སུ་ལ་འཚེ་བ་མེད་པ།
༣ ལྟ་བ་རྟག་གཅིག་རང་དབང་ཅན་གྱི་བདག་མེད་པར་འདོད་པའོ།།
དེ་ལ་འདིར་ཉེ་བར་འཁོ་བ་ནང་པའི་གྲུབ་མཐའ་བརྗོད་པར་འདོད་པས་དེ་ལ་ཕྱེ་ན་བཞི། ༡ བྱེ་བྲག་སྨྲ་བ། ༢ མདོ་སྡེ་པ། ༣ སེམས་ཙམ་པ། ༤ དབུ་མ་པའོ།།
བྱེ་བྲག་སྨྲ་བ།
དང་པོ་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་བཤད་པ་ལ་ལྔ་ལས།
༡ བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ནི། དགྲ་བཅོམ་པ་གང་བུ་དང༌། སློབ་དཔོན་དབྱིག་བཤེས་དང༌། ཆོས་སྐྱོབ་དང༌། སངས་རྒྱས་ལྷ་དང༌། དབྱངས་སྒྲོག་དང༌། ཉེར་སྦས་འདུས་བཟང་སོགས་སོ།།
༢ བྱེ་བྲག་ཏུ་སྨྲ་བའི་གཞུང་ནི། མངོན་པ་སྡེ་བདུན། བྱེ་བྲག་བཤད་མཛོད་ཆེན་པོ་སོགས་སོ།།
༣ བྱེ་བྲག་ཏུ་སྨྲ་བའི་ངོ་བོ་དང་འབྲེལ་བའི་འདོད་ཚུལ་ནི། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་གཟུང་རྣམ་རིག་པའི་ཆ་སྟེ་རང་རིག་ཞེས་པ་དེ་ཁས་མ་བླངས་ཤིང༌། རྡུལ་ཕྲན་ཆ་མེད་བསགས་པའི་ཕྱི་དོན་བདེན་པར་གྲུབ་པ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བ་ཞིག་ལ་བྱེ་བྲག་ཏུ་སྨྲ་བར་འདོད། བྱེ་བྲག་ཏུ་སྨྲ་བས་བློ་ལ་ཡུལ་གྱི་རྣམ་པ་ཤར་བ་མེད་པས། དེ་མྱོང་བའི་རང་རིག་ཟེར་བ་དེ་མི་འདོད་ཅིང༌། འོན་ཀྱང་ཕྱི་དོན་དང་བདེན་གྲུབ་འདོད་དོ། །ཡང་དེས་ཡོད་པ་དང་དངོས་པོ་དོན་གཅིག་པ་དང༌། དུས་གསུམ་རྫས་སུ་གྲུབ་པ་སོགས་འདོད་ཅིང༌། དུས་གསུམ་རྫས་གྲུབ་ཏུ་འདོད་པའི་ཚུལ་ནི། གཞི་བུམ་པ་ལྟ་བུ་དེ། བུམ་པའི་འདས་པའི་དུས་སུ་ཡང་ཡོད། བུམ་པའི་མ་འོངས་པའི་དུས་སུའང་ཡོད་པར་འདོད་པའོ། །བརྗོད་མ་ཐག་པ་དེ་ཙམ་དུ་མ་ཟད་པའི་བྱེ་བྲག་སྨྲ་བའི་འདོད་ཚུལ་ཐུན་མོང་མིན་པ་མང་པོ་ཞིག་ཡོད་པ་ཡང་ཤེས་དགོས་སོ།།
༤ བྱེ་བྲག་ཏུ་སྨྲ་བའི་དབྱེ་བ་ནི།
ཁ་ཆེ་བ་དང༌། ཉི་འོག་པ་དང༌། ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བ་དང་གསུམ། ཡང་ན། ཁ་ཆེ་བ་དང༌། ནུབ་ཕྱོགས་པ་དང༌། ཉི་འོག་པ་གསུམ་སྟེ། རིམ་བཞིན་ཁ་ཆེ་བའི་ཡུལ་ན་གནས་པ་དང༌། དེ་དག་གི་ནུབ་ན་གནས་པ་དང༌། དེ་དག་ལས་གཞན་ན་གནས་པ་རྣམས་ལ་བརྗོད་དོ།།
༥ བྱེ་བྲག་སྨྲ་བའི་སྒྲ་བཤད་ནི། བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བའམ། དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་ན་བྱེ་བྲག་ཏུ་སྨྲ་བ་ཞེས་འདོགས་སོ།།
མདོ་སྡེ་པ།
གཉིས་པ་མདོ་སྡེ་པའི་གྲུབ་མཐའ་བཤད་པ་ལ་ཡང་ལྔ་ལས།
༡ མདོ་སྡེ་པའི་སློབ་དཔོན་ནི། སློབ་དཔོན་ཀུ་མ་ར་ཏ། ཤི་རི་ར་ཏ། བཙུན་པ་ར་ཏ་སོགས་སོ།།
༢ མདོ་སྡེ་པའི་གཞུང་ནི། མདོ་སྡེ་པའི་གྲུབ་མཐའ་རང་དགའ་བ་སྟོན་པའི་གཞུང་བོད་དུ་བསྒྱུར་བ་མེད་ཅིང༌། འདོད་པ་ཕལ་ཆེར་ནི་མཛོད་རང་འགྲེལ་འགྲེལ་བཤད་དང་བཅས་པ་དང༌། མངོན་པ་ཀུན་བཏུས་རྩ་འགྲེལ་དང༌། ཚད་མ་སྡེ་བདུན་སོགས་སུ་བྱུང་ངོ༌།།
༣ མདོ་སྡེ་པའི་ངོ་བོ་དང་འབྲེལ་བའི་འདོད་ཚུལ་ནི། བྱེ་བྲག་ཏུ་སྨྲ་བ་དང་མི་འདྲ་བར་རང་རིག་ཞེས་པ་དེ་ཁས་ལེན་ཅིང་ཡང་ཕྱི་དོན་བདེན་གྲུབ་ཏུ་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ཞིག་ལ་མདོ་སྡེ་པར་འདོད་དོ། །དེ་ཡང་རང་རིག་མེད་ན། ཕྱིས་སུ་ངས་སྔོན་པོ་མཐོང་ངོ་སྙམ་པ་དང༌། སྔོན་པོ་འདི་མཐོང་ངོ་སྙམ་པའི་དྲན་ཚུལ་གཉིས་མི་འབྱུང་བར་འགྱུར་ཏེ། མ་མྱོང་བ་ལ་དྲན་པ་སྐྱེ་བ་མེད་པས་སྔོན་འཛིན་ཤེས་པ་མ་མཐོང་བ་ལ། དེས་སྔོན་པོ་མཐོང་བ་དྲན་པ་མི་སྲིད་པའི་ཕྱིར་སྙམ་པའོ། །དེ་བཞིན་དུ་མངོན་སུམ་གྱི་སྣང་ཡུལ་ལ་དངོས་པོ་ཡིན་པས་ཁྱབ་པ་དང༌། འདུས་བྱས་ལ་དོན་དམ་བདེན་པས་ཁྱབ་པ་དང་འདུས་མ་བྱས་ལ་ཀུན་རྫོབ་ཀྱི་བདེན་པ་ཡིན་པས་ཁྱབ་པ་སོགས་འདོད་དོ། །ཡང་མདོ་སྡེ་པ་ཡན་ཆད་ཀྱིས་དུས་གསུམ་རྫས་སུ་མ་གྲུབ་པར་འདོད་དེ་བུམ་པ་ལྟ་བུ་རང་གྲུབ་པའི་དུས་གཉིས་པར་ཞིག་པའི་ཆ་དེ་དེའི་འདས་པ་དང་དེ་དངོས་པོ་དེའི་ཕྱིར་ལོགས་སུ་བྱུང་བར་འདོད་པའི་ཕྱིར།
༤ མདོ་སྡེ་པའི་དབྱེ་བ་ནི། མདོ་སྡེ་པ་ལ་ལུང་གི་རྗེས་འབྲངས་ཀྱི་མདོ་སྡེ་པ་དང༌། རིགས་པའི་རྗེས་འབྲངས་ཀྱི་མདོ་སྡེ་པ་གཉིས་སུ་དབྱེར་ཡོད་དེ། མདོ་སྡེ་ལས་ཇི་ལྟར་བྱུང་བ་བཞིན་སྒྲ་ཇི་བཞིན་དུ་ཁས་བླངས་པའི་སྒོ་ནས་ལུང་གི་རྗེས་སུ་འབྲངས་ནས་གྲུབ་མཐའ་འཆད་པ་དང༌། ཚད་མ་སྡེ་བདུན་ནས་བཤད་པ་བཞིན་གྱི་རིགས་པའི་རྗེས་སུ་འབྲངས་ནས་དེ་ལྟར་འཆད་པ་གཉིས་ཡོད་པའི་ཕྱིར།།
༥ མདོ་སྡེ་པའི་སྒྲ་བཤད་ནི། བྱེ་བྲག་ཏུ་བཤད་པའི་རྗེས་སུ་མ་འབྲངས་བར་གཙོ་བོར་བཅོམ་ལྡན་འདས་ཀྱི་མདོ་སྡེ་ལ་བརྟེན་ནས་གྲུབ་མཐའ་སྨྲ་བས་ན་མདོ་སྡེ་པ་དང༌། ཆོས་རྣམས་དཔེའི་སྒོ་ནས་སྟོན་པ་ལ་མཁས་པས་དཔེ་སྟོན་པ་སྟེ་དེ་གཉིས་མིང་གི་རྣམ་གྲངས་སོ། །བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་གྲུབ་མཐའ་སྨྲ་བ་ལ་དོན་སྨྲ་གཉིས་ཞེས་འབྱུང་ཞིང་གྲུབ་མཐའ་དེ་གཉིས་ལ་ཐེག་དམན་གྱི་གྲུབ་མཐའ་ཞེས་ཀྱང་བརྗོད་དོ། །གྲུབ་མཐའ་དེ་གཉིས་ཀྱི་ལུགས་ལ། ཐེག་ཆེན་ཐེག་དམན་གྱི་ཐ་སྙད་མེད་ཅིང་ཆོས་ཀྱི་བདག་མེད་ཅེས་པ་གང་ལ་དམིགས་ནས་བསྒོམས་པས་སྒྲིབ་པ་མཐའ་དག་སྤོང་བར་གྱུར་པ་ཞིག་ཡོད་པ་མི་འདོད་དོ།།
སེམས་ཙམ་པ།
གསུམ་པ་སེམས་ཙམ་པའི་གྲུབ་མཐའ་ལ་ཡང་ལྔ་ལས།
༡ སེམས་ཙམ་པའི་སློབ་དཔོན་ནི། འཕགས་པ་ཐོགས་མེད་ནི་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་ལ། དེའི་རྗེས་སུ་འབྲངས་བ་དེའི་སྐུ་མཆེད་དབྱིག་གཉེན། གནས་བརྟན་ཆོས་སྐྱོང༌། བློ་བརྟན། ཕྱོགས་གླང༌། ཆོས་གྲགས། བླ་མ་གསེར་གླིང་པ། ཤན་ཏི་པ་སོགས་སོ།
༢ སེམས་ཙམ་པའི་གཞུང་ནི། མདོ་སྡེ་རྒྱན། འབྱེད་རྣམ་གཉིས། ས་སྡེ་ལྔ༌། སྡོམ་གཉིས། རྣམ་བཤད་རིགས་པ། རྟེན་འབྲེལ་མདོ་འགྲེལ། ཚད་མ་ཀུན་བཏུས་རྩ་འགྲེལ། དམིགས་བརྟག་རྩ་འགྲེལ། ཚད་མ་སྡེ་བདུན་སོགས་སོ།
༣ སེམས་ཙམ་པའི་ངོ་བོ་དང་འབྲེལ་བའི་འདོད་ཚུལ་ནི། ཕྱི་དོན་ཁས་མི་ལེན་ཅིང་གཞན་དབང་ཡོངས་གྲུབ་བདེན་གྲུབ་ཏུ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བ་ཞིག་ལ་སེམས་ཙམ་པར་བྱས་སོ། །དེ་དག་གིས་ཕྱི་དོན་མེད་དེ། ཤེས་བྱ་ཡིན་ན་བག་ཆགས་སད་སྟོབས་ཀྱིས་གྲུབ་དགོས་ཤིང༌། ནང་གི་བག་ཆགས་སད་པ་ལ་མ་ལྟོས་པར་ཕྱི་རོལ་ཡུལ་གྱི་སྟེང་དུ་རྡུལ་ཕྲན་ཆ་མེད་གཅིག་གི་རྩོམ་གཞི་བྱས་པ་ལས་ཕྱི་དོན་གོང་བུ་གྲུབ་པ་མེད་དེ། ཆོས་ཐམས་ཅད་ཤེས་པའི་བདག་ཉིད་ཙམ་དུ་གྲུབ་པའི་ཕྱིར་སྙམ་པའོ། །དེ་ཡང་གཙོ་བོ་སངས་རྒྱས་ཀྱི་གསུང་མདོ་སྡེ་དགོངས་འགྲེལ་སྒྲ་ཇི་བཞིན་པར་ཁས་ལེན་པ་ལས་ཡིན་ནོ། །ཡང་དེས། ཆོས་ཐམས་ཅད་ཀུན་བཏགས། གཞན་དབང༌། ཡོངས་གྲུབ་ཅེས་བྱ་བའི་ཆོས་གསུམ་དུ་བསྡུས་པར་འདོད་དེ། རྟོག་པས་བཏགས་པ་ཙམ་དུ་གྲུབ་པ་རྣམས་ཀུན་བཏགས། དེར་མ་གྲུབ་ཞིང་རང་གི་རྒྱུ་རྐྱེན་ལས་སྐྱེས་པ་གཞན་དབང༌། དེ་གཉིས་གང་ཡང་མིན་པའི་ཡོད་པ་ལ་ཡོངས་གྲུབ་ཏུ་འདོད་ཅིང༌། ཐ་མ་དེ། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་དམིགས་པ་མཐར་ཐུག་ཏུ་འདོད་དོ། །དེ་དང་དེ་བཞིན་ཉིད་ཆོས་ཉིད་ཅེས་པ་རྣམས་དོན་གཅིག དེས་གཟུགས་ཕྱི་རོལ་དོན་དུ་མ་གྲུབ་པ་བསྒོམ་པ་ལས་སྒྲིབ་པ་གཉིས་ཀ་དང༌། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་བསྒོམ་པ་ལས་ཉོན་སྒྲིབ་སྤོང་བར་བཞེད་དོ།།
༤ སེམས་ཙམ་པའི་དབྱེ་བ་ནི། སེམས་ཙམ་པ་ལ། སེམས་ཙམ་རྣམ་བདེན་པ་དང་རྣམ་རྫུན་པ་གཉིས་སུ་དབྱེར་ཡོད་དེ། སྔ་མས་སྔོ་འཛིན་མིག་ཤེས་སྔོན་པོ་སྔོན་པོར་སྣང་བ་ལ་མ་འཁྲུལ་བ་དང༌། ཕྱི་མས་འཁྲུལ་བར་འདོད། ཡང་དེ་ལ་དབྱེ་ན་གཉིས། ལུང་གི་རྗེས་འབྲངས་སེམས་ཙམ་པ་དང༌། རིགས་པའི་རྗེས་འབྲངས་ཀྱི་སེམས་ཙམ་པ་གཉིས། དང་པོ་ས་སྡེ་ལྔའི་རྗེས་སུ་འབྲངས་ནས་རྣམ་པར་ཤེས་པ་ཚོགས་བརྒྱད་དུ་འདོད་ནས་ཀུན་གཞི་དང་ཉོན་ཡིད་ཞལ་གྱིས་བཞེས། ཕྱི་མས་ཚད་མ་སྡེ་བདུན་གྱི་རྗེས་སུ་འབྲངས་ནས་རྣམ་པར་ཤེས་པ་གྲངས་དྲུག་ཙམ་དུ་འདོད་ཅིང༌། གང་ཟག་གི་མཚན་གཞི་ཀུན་གཞི་མ་བཞག་པར་ཡིད་ཀྱི་རྣམ་པར་ཤེས་པ་ལ་བཞག་གོ།
༥ སེམས་ཙམ་པའི་སྒྲ་བཤད་ནི། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་ན་སེམས་ཙམ་པའམ་རྣམ་རིག་པ་དང༌། རྣལ་འབྱོར་པའི་གཞིའི་སྒོ་ནས་ལམ་གྱི་སྤྱོད་པ་ཉམས་ལེན་གཏན་ལ་འབེབས་པས་རྣལ་འབྱོར་སྤྱོད་པ་བ་ཞེས་གྲགས་སོ། །དེ་རྣམས་དོན་གཅིག།
དབུ་མ་པ།
བཞི་པ་དབུ་མ་པའི་གྲུབ་མཐའ་ལ་ཡང་སྔར་བཞིན་ལྔ།
༡ དབུ་མ་པའི་སློབ་དཔོན་ནི། མགོན་པོ་ཀླུ་གྲུབ་ནི་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་པ་པོ་ཡིན་ལ་དེའི་རྗེས་སུ་འབྲངས་པ། འཕགས་པ་ལྷ། ལེགས་ལྡན་འབྱེད། སངས་རྒྱས་བསྐྱངས། ཞི་བ་མཚོ། ཟླ་བ་གྲགས་པ། ཞི་བ་ལྷ། དཔའ་བོ། ཀླུ་བྱང༌། འཕགས་པ་གྲོལ་སྡེ། སེངྒེ་བཟང་པོ་སོགས་ཆེས་མང་དུ་བྱུང་ངོ༌།།
༢ དབུ་མ་པའི་གཞུང་ནི། རིགས་ཚོགས་དྲུག བཞི་བརྒྱ་པ། འགྲེལ་པ་སངས་རྒྱས་བསྐྱངས། ཤེས་རབ་སྒྲོན་མ། དབུ་མ་སྙིང་པོ་རྩ་འགྲེལ། བདེན་གཉིས་རྩ་འགྲེལ། ཚིག་གསལ། འཇུག་པ་རྩ་འགྲེལ། བསླབ་བཏུས། སྤྱོད་འཇུག དབུ་མ་རྒྱན། ཉི་སྣང༌། རྒྱན་སྣང་སོགས་སོ།
༣ དབུ་མ་པའི་ངོ་བོ་དང་འབྲེལ་བའི་འདོད་ཚུལ་ནི། བདེན་པར་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པར་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བ་ཞིག་ལ་དབུ་མ་པར་འདོད། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་སོགས་སུ་བརྟེན་ནས་འབྱུང་བ་ལ་སོགས་པའི་རིགས་པའི་སྒོ་དུ་མ་ནས་ཆོས་ཐམས་ཅད་བདེན་མེད་དུ་སྒྲུབ་པ་ལས་ཡིན་ཏེ་འདིའི་ལུགས་ལ་བདེན་པར་གྲུབ་ན་རྒྱུ་འབྲས་ལ་སོགས་པའི་རྣམ་གཞག་ཐམས་ཅད་འཆོལ་བར་འགྱུར་བའི་ཕྱིར།
༤ དབུ་མ་པའི་དབྱེ་བ་ནི། སྤྱིར་དབུ་མ་པའི་གྲུབ་མཐའ་སྨྲ་བ་ལ་དབྱེ་ན། རང་རྒྱུད་པ་དང༌། ཐལ་འགྱུར་བ་གཉིས། དབུ་མ་པ་གང་ཞིག རང་རྒྱུད་ཀྱི་རྟགས་ཁས་ལེན་པ་དང་པོ་དང༌། དེ་ཁས་མ་བླངས་པར་ཐལ་འགྱུར་ལས་བསྒྲུབ་བྱ་འཇལ་བར་འདོད་པ་ཕྱི་མའོ། །ཡང་ན། རང་མཚན་ཁས་ལེན་པ་དང་མི་ལེན་པའོ། རང་རྒྱུད་པ་ལ་ཡང་དབྱེ་ན། རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་དང༌། མདོ་སྡེ་སྤྱོད་པའི་རང་རྒྱུད་པ་གཉིས། ཕྱི་དོན་ཁས་མི་ལེན་ཅིང་རང་རིག་ཁས་ལེན་པ་དེ་དང་པོ་དང༌། དེ་ལས་ལྡོག་ཏེ་ཕྱི་དོན་ཁས་ལེན་ཅིང་རང་རིག་ཁས་མི་ལེན་པ་ཕྱི་མ་ཡིན་པའི་ཕྱིར། རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་ལ་ཡང་གཉིས། རྣམ་བདེན་པ་དང་མཐུན་པ་དང༌། རྣམ་རྫུན་པ་དང་མཐུན་པའོ། །དཔེར་ན། ཞི་མཚོ་དཔོན་སློབ། འཕགས་པ་གྲོལ་སྡེ་ལྟ་བུ་དང་པོ་དང༌། སློབ་དཔོན་སེངྒེ་བཟང་པོ་ལྟ་བུ་གཉིས་པ་ཡིན་པའི་ཕྱིར།
༥ དབུ་མ་པའི་སྒྲ་བཤད་ནི། རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུས་ཁས་ལེན་པས་ན་དབུ་མ་པ་དང༌། བདེན་གྲུབ་ཀྱི་ངོ་བོ་རྡུལ་ཙམ་ཡང་མེད་པར་སྨྲ་བས་ན་ངོ་བོ་ཉིད་མེད་པར་སྨྲ་བའོ། །ཡང་ན། དབུ་མ་རྩ་བའི་རྗེས་སུ་འབྲངས་ནས་སྨྲ་བས་ན་དབུ་མ་པའོ།།
གྲུབ་མཐའི་རྣམ་གཞག་གཞོན་ནུའི་རེ་སྐོང་དེ།།
གངས་ཅན་བོད་ཀྱི་གཞོན་ནུར་ཕན་པའི་ཕྱིར།།
གཞུང་ལུགས་རྒྱ་མཚོར་བྱིང་བའི་བློ་དམན་པ།།
དགེ་སློང་བསྟན་ཕུན་དཔལ་གྱིས་བྲིས་པ་དགེ།
༢༠༠༩ལོར་བྲིས།
ར་ས་བསྟན་ཕུན་དཔལ་གྱིས།