(སྐུ་ཞབས་པི་ཡན་ཐའོ་ཡིས་ཡིག་ཐོག་བཅར་འདྲི་གནང་བར་བཀའ་ལན)
ཆུ་ཚེ་རིང་གི་ཟིན་བྲིས་ལས་བཤུས།
སྐུ་ཞབས་པི་ཡན་ཐའོ། སྐུ་ཁམས་བཟང༌། རྒྱལ་ནང་གི་རྒྱ་རིགས་ཚོས་དོ་སྣང་བྱེད་པའི་གནད་དོན་འགའི་ཐོག་སྐུ་ཉིད་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང༌། ངས་བོད་སྐོར་དོ་སྣང་བྱེད་སྐབས། བོད་ཆེན་པོ་ཞེས་པའི་ཐ་སྙད་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད། སྐུ་ཉིད་ཀྱི་བོད་ཆེན་པོའི་སྐོར་གྱི་གསུང་བཤད་༼དབྱིན་ཡིག་ཐོག་ཡོད་པའང་ཚུད།༽དེ་ངས་བསྐྱར་སྐོར་ཡང་སྐོར་གྱིས་བཀླགས་པ་ཡིན། སྐུ་ཉིད་ཀྱིས་བོད་ནི་བོད་རང་རེད། དེ་ལ་ཆེན་པོ་དང་ཆུང་ངུའི་དབྱེ་བ་འབྱེད་དུ་མེད། ཅེས་གསུངས་འདུག དོན་དངོས་ཐོག་ྋགོང་ས་མཆོག་གི་སྐུ་ཚབ་དང་པེ་ཅིང་དབར་འབྲེལ་མོལ་སྐབས་བོད་རིགས་ཡོངས་ལ་རང་སྐྱོང་ལས་ཁུངས་གཅིག་གི་འཛིན་སྐྱོང་སྐོར་གསུངས་ཡོད། དེ་ནི་ཟི་ཁྲོན་དང༌། ཡུ་ནན། མཚོ་སྔོན་ཞིང་ཆེན་བཅས་ནང་ཡོད་པའི་བོད་རིགས་ས་ཁུལ་རྣམས་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་བསྒྲིལ་རྒྱུའི་རེ་འདུན་ཡིན་པ་སྨོས་མེད་རེད། འཛིན་སྐྱོང་རྒྱ་ཁྱོན་གྱི་ཆ་ནས་བཤད་ན་དེ་ནི་བོད་ཆེན་པོ་ཆགས་ཡོད།
དེའི་ཆ་ནས་པེ་ཅིང་གིས་བོད་ཆེན་པོ་ཞེས་བཤད་པ་དེ་ནོར་མེད། གང་ཡིན་ཟེར་ན། དེ་ནི་ད་ལྟའི་བོད་ཀྱི་གནས་སྟངས་ལ་ལྟོས་ནས་བཤད་པ་རེད། ཕྱོགས་གཅིག་ནས་སྐུ་ཉིད་ཀྱིས་བོད་ཆེན་པོ་ཞེས་པའི་ཆེན་པོ་ལ་དགག་བྱ་གནང་གི་ཡོད་ཅིང༌། ཕྱོགས་གཞན་ནས་ཆེ་ཆུང་གིས་དོན་ལ་ཁྱད་པར་འགྲོ་གི་མེད། ཅེས་གསུངས་ཡོད། དེ་གཉིས་ནང་འགལ་མ་རེད་དམ།
བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག དྲི་བར་ལན་འདེབས་མ་བྱས་གོང་དྷརྨསཱལཱ་དང་པེ་ཅིང་དབར་ལྟ་ཚུལ་མི་མཐུན་པ་ཡོང་གཞིའི་གནད་དོན་གལ་ཆེ་གཉིས་གསལ་འདོན་བྱེད་འདོད་བྱུང༌། དང་པོ་ནི། བོད་ཀྱི་གཏམ་དཔེར། བོད་རེ་བས་ཕུངས།། རྒྱ་དྭོགས་པས་ཕུངས།། ཞེས་པ་ལྟར་པེ་ཅིང་གི་དབུ་ཁྲིད་ཚོར་ཡིད་ཆེས་དང་གདེང་ཚོད་མེད་པ་དེ་རེད། གནས་ཚུལ་ཚང་མར་དོགས་པའི་སྒོ་ནས་ལྟ་བ་དང༌། དྷརྨསཱལཱ་ནས་བཏོན་པའི་གྲོས་འཆར་གང་འདྲ་ཞིག་ཡིན་ནའང་དེར་ལག་པ་འཆང་ན་མཇུག་འབྲས་ངན་པའམ། ངོ་ཚ་ཁ་སྐྱེངས་ཡོང་གཞིའི་འཇིགས་སྣང་ཁོ་ནས་དོན་དག་ཆུང་ཚགས་ཚུན་ཚང་མར་ཁ་བྲལ་གྱི་ཉེན་ཁའི་གཞི་རྩར་བལྟ་གི་ཡོད། བསམ་བློ་གཏོང་སྟངས་དེ་འདྲའི་དབང་གིས་བོད་མིའི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་ལྷག་བསམ་རྣམ་དག་གིས་ཡིད་ཆེས་དང༌། རྒྱུ་མཚན་ལྡན་པའི་འོས་འཚམས་ཀྱི་རེ་འདུན་གང་འདྲ་ཞིག་བཏོན་རུང་ཡིད་ཆེས་བྱེད་ཀྱི་མེད།
གཉིས་པ་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་བོད་དོན་ཐག་གཅོད་བྱེད་རྒྱུའི་ཆབ་སྲིད་ཀྱི་ཆོད་སེམས་མེད་པ་དེ་རེད། དབུ་ཁྲིད་ཚོ་བོད་དོན་ལ་ལག་པ་འཆང་ན་དཀའ་ངལ་ཆེ་རུ་འགྲོ་ཉེན་ནམ། བོད་ཐོག་དབང་ཆ་ཤོར་ཡོང་སྙམ་པའི་འཇིགས་སྣང་གིས་མནར་བཞིན་ཡོད། རྒྱུ་མཚན་འདི་འདྲའི་དབང་གིས་ང་ཚོ་ཕན་ཚུན་དབར་ལྟ་ཚུལ་ཡང་དག་པ་ཞིག་དང་མཐུན་ཕྱོགས་ཀྱི་སྒོ་ནས་གོ་བསྡུར་སྦྱང་བཤད་ཡོང་ཐུབ་ཀྱི་མེད། ཕན་ཚུན་ཡིད་ཆེས་མེད་ན་རྒྱལ་ཁབ་ཆིག་བསྒྲིལ་ཡོང་ཐབས་མེད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་གྲངས་ཉུང་མི་རིགས་སྤྱི་དང༌། ཁྱད་པར་བོད་རིགས་ཐོག་འཛིན་པའི་བྱེད་ཐབས་རྣམས་ད་མུས་བཞིན་འགྱུར་བ་མེད་པར་གནས་ན་རིམ་བཞིན་གྲངས་ཉུང་མི་རིགས་རྣམས་ཁ་བྲལ་ལམ། ཡང་ན་སིམ་ཡལ་དུ་འགྲོ་ཉེན་སྣང༌། མཇུག་འབྲས་དེ་གཉིས་ཀ་སུ་ལའང་ཁེ་ཕན་མེད་པ་ཞིག་རེད། གལ་སྲིད་ཕྱོགས་གཉིས་དབར་ཡིད་ཆེས་དང་གདེང་ཚོད་ཡོད་ན་དཀའ་རྙོག་འདི་བདེ་བླག་དང་མཛའ་མཐུན་ངང་བསལ་ཐུབ་ཅིང༌། དེ་ནི་ཕྱོགས་གཉིས་ཀར་རྒྱལ་ཁའི་གནས་ཚུལ་རེད།
དེ་མཚུངས་གནས་ཚུལ་ཆུང་ཆུང་གལ་ཆེ་གཞན་ཞིག་ནི་སྐད་ཀྱི་རང་བཞིན་སྐོར་རེད། བོད་སྐད་དང་རྒྱ་སྐད་ནང་ Great དང་ Greater ཞེས་པའི་ཚིག་གཉིས་ལ་ཁྱད་པར་མེད་ཀྱང་དབྱིན་སྐད་ནང་ཚིག་མི་འདྲ་བ་གཉིས་ཡོད། དེར་བརྟེན་ Great ཞེས་པ་ཆེ་བསྟོད་ཀྱི་ཚིག་ཡིན་ནའང་ Greater ཞེས་པའི་ཚིག་བེད་སྤྱོད་བཏང་སྐབས་གོ་ནོར་ཐེབས་ཉེན་ཡོད། གང་ཡིན་ཟེར་ན་ཚིག་དེའི་གོ་དོན་རྒྱལ་ཁབ་ཀྱི་ས་མཚམས་སམ། སྐད་ཡིག་དང་ལེགས་བྱང་གི་ཁྱབ་ཚད་ལའང་གོ་སྲིད། དེར་བརྟེན་སྐབས་འདིར་ང་ཚོས་དབྱིན་སྐད་དུ་ Greater ཞེས་པའི་ཚབ་ཏུ་ Great ཞེས་བེད་སྤྱོད་བཏང་ན་འཚམས་པ་ཡོད།
དེ་ནས་དྲི་བ་དངོས་གཞིའི་ཐོག་ཞུ་རྒྱུར། ངས་བོད་ནི་བོད་རང་རེད་ཅེས་པའི་གོ་དོན་གང་རེད་ཅེ་ན། རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་གསལ་བར་བོད་ཆེ་ཆུང་གི་དབྱེ་བ་མེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་གྲངས་ཉུང་མི་རིགས་ ༥༥ ཡོད་པའི་ཁོངས་ནས་བོད་རིགས་ནི་གཅིག་རེད། མི་རིགས་གཅིག་ཡིན་པ་དེ་ཆུང་ངུ་དང་ཆེན་པོ་ཡི་དུམ་བུ་མང་པོར་བཏང་དགོས་དོན་མེད། གལ་སྲིད་རང་སྐྱོང་ས་ཁུལ་ཚང་མར་འཛིན་སྐྱོང་གཅིག་བཟོས་ན། དེ་རང་སྐྱོང་འཛིན་སྐྱོང་དུ་མའི་ནང་དབང་སྒྱུར་བྱེད་སྐབས་ལས་འཛིན་སྐྱོང་ས་ཁྱོན་ཆེ་རུ་འགྲོ་བ་གསལ་པོ་རེད། འོན་ཀྱང་དེས་བོད་མིའམ་བོད་ཆེ་རུ་འགྲོ་བ་མཚོན་གྱི་མེད། དེར་བརྟེན་ནང་འགལ་གང་ཡང་མེད།
ང་ཚོའི་སེམས་འཚབ་བྱེད་གཞི་གཙོ་བོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གནད་དོན་འདི་འཛམ་གླིང་ནང་འགྲེལ་བརྗོད་གང་འདྲ་བྱེད་མིན་དེ་རེད། དོན་དངོས་ཐོག་བོད་མི་ཚོས་བོད་རིགས་རང་སྐྱོང་ས་ཁུལ་རྣམས་ལ་འཛིན་སྐྱོང་གཅིག་ཡོང་བའི་རེ་འདུན་བཏོན་གྱི་ཡོད། འོན་ཀྱང་དེར་བོད་ཆེན་པོ་རྩོད་ཀྱི་འདུག་ཅེས་འུར་སྒྲ་བསྒྲགས་སྟངས་ལ་བལྟས་ན་ཕལ་ཆེར་ཁ་བྲལ་རྩོད་ཀྱི་ཡོད་པ་ལྟ་བུའམ། ཡང་ན་བོད་རིགས་ས་ཁུལ་གྱི་ས་མཚམས་བསྐྱར་སྒྲིག་དགོས་ཚུལ་བཤད་པ་ལྟར་བཤད་ཀྱི་ཡོད། བརྗོད་བབ་འདི་ནི་ཆེད་དུ་གཉེར་ནས་མི་རྣམས་མགོ་བོ་རྨོངས་སུ་འཇུག་ཐབས་ཤིག་ཏུ་སྣང༌།
སྐུ་ཞབས་པི་ཡན་ཐའོ། ྋགོང་ས་མཆོག་གི་སྐུ་ཚབ་ནས་བོད་རིགས་ས་ཁུལ་རྣམས་ལ་འཛིན་སྐྱོང་གཅིག་གི་རེ་འདུན་བཏོན་མོད། མི་ཚོས་ཐ་སྙད་འདི་འགྲེལ་བརྗོད་བྱེད་དུས་རྙོག་ཁྲ་ཚ་པོ་མཐོང་གི་ཡོད། ྋགོང་ས་མཆོག་གིས་འཛིན་སྐྱོང་གཅིག་ཅེས་པའི་ཚབ་ཏུ་དེ་བས་ཁ་གསལ་བ་དང་གོ་བདེ་བའི་ཚིག་གཞན་གསུང་རྒྱུའི་དགོས་གལ་གཟིགས་ཀྱི་ཡོད་དམ། པེ་ཅིང་གིས་བོད་ཆེན་པོ་ཞེས་བཤད་པ་ནི་འཛིན་སྐྱོང་གཅིག་གི་བསམ་ཚུལ་ལ་མིང་ཞིག་བཏགས་པ་ལྟ་བུ་རེད། མིང་ཚིག་ཉུང་བའི་དབང་དུ་བྱེད་ནའང་མཐུན་གྱི་ཡོད། གལ་སྲིད་བཙན་བྱོལ་བོད་གཞུང་གིས་ཐོག་མ་ནས་མིང་ཚིག་གཅིག་བེད་སྤྱད་ཡོད་ན། པེ་ཅིང་གིས་དེ་ལ་སླར་ཡང་མིང་གཞན་བཏགས་དགོས་དོན་མེད། དེར་བརྟེན་བཙན་བྱོལ་བོད་གཞུང་གིས་མིང་ཚིག་བྱེ་བྲག་པ་ཞིག་བེད་སྤྱོད་གནང་རྒྱུའི་གལ་འགངས་གཟིགས་ཀྱི་ཡོད་དམ། མ་འོངས་པར་གང་འདྲ་བྱས་ནས་ཡ་ལན་གནང་རྩིས་ཡོད།
བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་ལེན་བསྟར་ཏེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་སྤྲོད་རྒྱུའི་ཆ་རྐྱེན་གསལ་ཡོད། ཆ་རྐྱེན་འདི་གཞི་བཟུང་བོད་རིགས་ནི་ས་ཁུལ་བྱེ་བྲག་གཅིག་ལ་མུ་འབྲེལ་ནས་འདུས་སྡོད་བྱས་པའི་མི་རིགས་ཤིག་ཡིན་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་གཞན་མང་པོར་ཁ་འཐོར་མེད་ཅིང༌། བོད་རིགས་ས་ཁུལ་རྣམས་བོད་རིགས་མ་ཡིན་པའི་མི་རིགས་གཞན་གྱིས་བར་དུའང་ཆོད་མེད། དེར་བརྟེན་བོད་རིགས་ཡོངས་ལ་རང་སྐྱོང་ལས་ཁུངས་གཅིག་གིས་འཐུས་ངེས་ཡོད་པ་མ་ཟད། དེ་ལྟར་བྱེད་རྒྱུ་རྩ་ཁྲིམས་ཀྱི་སྙིང་དོན་ཡང་རེད། ང་ཚོའི་མངོན་འདོད་གསལ་བཏོན་བྱེད་སྐབས་རང་སྐྱོང་འཛིན་སྐྱོང་གཅིག་གམ་སྲིད་གཞུང་གཅིག་ཅེས་པ་ལས་འོས་པའི་ཚིག་གཞན་མེད་པ་མ་ཟད། ཚིག་གཞན་ཞིག་བེད་སྤྱད་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་ཁས་ལེན་བྱེད་ཀྱི་རེད་བསམ་གྱི་མི་འདུག འོན་ཀྱང་གལ་སྲིད་སུ་ལའང་འོས་འཚམས་ཀྱི་ཚིག་གཞན་གསུང་རྒྱུ་ཡོད་ན་དགའ་བསུ་ཡོད།
འཛིན་སྐྱོང་གཅིག་གི་གཞི་རྩའི་མངོན་འདོད་དེ་ཆབ་སྲིད་དང་དཔལ་འབྱོར་གྱི་ཁེ་ཕན་ཆེད་མ་ཡིན་པར། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང༌། ལེགས་བྱང༌། ནང་དོན་རིག་པའི་སྲོལ་རྒྱུན་བཅས་སྲུང་སྐྱོབ་དར་སྤེལ་ཡོང་ཐབས་ཁོ་ནའི་ཆེད་རེད། འཛིན་སྐྱོང་གཅིག་བྱུང་ན་ཤེས་ཡོན་དང༌། ལེགས་བྱང་སོགས་ཀྱི་སྲིད་བྱུས་གཅིག་གྱུར་ལག་བསྟར་བྱེད་རྒྱུར་སྟབས་བདེའི་ཁྱད་པར་ཡོད།
སྐུ་ཞབས་པི་ཡན་ཐའོ། སྐུ་ཉིད་ནས། ང་ཚོས་བོད་རིགས་རང་སྐྱོང་ས་གནས་ནང་ས་ཆ་འཕར་སྣོན་དགོས་པའི་རེ་འདུན་འདོན་གྱི་མེད། འཛིན་སྐྱོང་ཁོ་ན་འགྱུར་བ་བཏང་སྟེ། རང་སྐྱོང་འཛིན་སྐྱོང་མང་པོའི་ཚབ་ཏུ་རང་སྐྱོང་འཛིན་སྐྱོང་གཅིག་འཛུགས་དགོས་པ་བརྗོད་ཀྱི་ཡོད། དེ་ལྟར་བྱེད་པས་རྒྱ་ནག་དང་རྒྱལ་ཁབ་གཞན་དབར་གྱི་ས་མཚམས་ལ་ཧེ་བག་མི་འགྲོ་ལ། དེ་བཞིན་རྒྱ་ནག་ནང་ཁུལ་གྱི་རང་སྐྱོང་དང་རང་སྐྱོང་མིན་པའི་ས་མཚམས་ལའང་ཧེ་བག་མི་འགྲོ ལྷག་པར་དུ་རྒྱ་ནག་གི་ས་ཁྱོན་ཆིག་བསྒྲིལ་ལ་དེ་བས་ཀྱང་ཁྱད་པར་མི་འགྲོ ཞེས་གསུངས་འདུག ངའི་བསམ་ཚུལ་ལྟར་ན་འགྲེལ་བཤད་དེས་ཐེ་ཚོམ་མང་བ་བཟོས་འདུག བཙན་བྱོལ་བོད་གཞུང་གི་བོད་རིགས་ཡོངས་རྫོགས་གཅིག་གྱུར་བྱེད་རྒྱུའི་མངོན་འདོད་དེས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ས་མཚམས་ལ་འགྱུར་བ་གཏང་དགོས་པར་བཞེད་ཀྱི་ཡོད་དམ་མེད། མེད་ན་བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་ལག་བསྟར་ཇི་ལྟར་བྱེད་དམ།
བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག ད་ལྟའི་ཆར་ཞིང་ཆེན་ཁག་གི་ནང་ཡོད་པའི་རང་སྐྱོང་ས་ཁུལ་རྣམས་ཀྱིས་མཚམས་གཏན་འཁེལ་ཡོད་པ་དེ་དག་བཅོས་སྒྱུར་བཏང་དགོས་མེད་ཀྱང་འཛིན་སྐྱོང་འགྱུར་བ་གཏང་དགོས། རང་སྐྱོང་སྲིད་གཞུང་མང་པོའི་ཚབ་ཏུ་རང་སྐྱོང་སྲིད་གཞུང་གཅིག་བཙུགས་ནས་ཞིང་ཆེན་མང་པོའི་བཏང་འཛིན་འོག་མ་ཡིན་པར་དབུས་གཞུང་གི་ཐད་ཀར་བཏང་འཛིན་འོག་ཡོད་དགོས།
ཞིང་ཆེན་ཁག་ནང་ཡོད་པའི་རང་སྐྱོང་ས་ཁུལ་རྣམས་རང་སྐྱོང་སྲིད་གཞུང་གཅིག་གི་འོག་བཞག་ན་ཞིང་ཆེན་གྱི་ས་ཁྱོན་ཆུང་དུ་འགྲོ་ཉེན་གྱི་རྩོད་པ་བྱེད་སྲིད་པ་བདེན་ཡང༌། གལ་སྲིད་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་རྣམས་མིང་དོན་མཚུངས་པ་ལག་བསྟར་བྱེད་ན་རང་སྐྱོང་གི་ས་ཁུལ་ནང་ཞིང་ཆེན་གྱིས་དེ་ཙམ་ཆ་ཤས་བླང་དགོས་གང་ཡང་མེད། དེར་བརྟེན་རང་སྐྱོང་ས་ཁུལ་རྣམས་ཞིང་ཆེན་གང་ཡང་རུང་བའི་ཁོངས་སུ་བཅུག་པའམ་ཕྱིར་བཞག་པ་གཉིས་གྱིས་དེ་ཙམ་ཁྱད་པར་འགྲོ་གཞི་མེད།
སྐུ་ཞབས་པི་ཡན་ཐའོ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ས་མཚམས་བཅོས་སྒྱུར་བྱས་པའི་ལམ་སྲོལ་ཡོད་པ་དངོས་བདེན་རེད། གལ་སྲིད་ྋགོང་ས་མཆོག་གི་བོད་ཆེན་པོའི་རེ་འདུན་ལྟར་བྱེད་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་རྗེས་ཀྱི་ས་མཚམས་བཅོས་སྒྱུར་གཞི་རྒྱ་ཆེ་ཤོས་དེ་ཆགས་རྒྱུ་ཡིན་སྟབས། དེ་ནི་ཁེ་ཕན་བསྐྱར་དུ་བགོ་འགྲེམས་བྱས་པ་ཡིན་པས་མང་ཚོགས་ཀྱི་སེམས་ཚོར་ལ་འབབ་མིན་དང་འབྲེལ་བའི་གནད་དོན་ཞིག་རང་ཤུགས་ཀྱིས་ཆགས་ཡོད། ཚང་མས་མཁྱེན་གསལ་ལྟར་ད་ལྟའི་གནས་སྟངས་རང་འཇགས་མུ་མཐུད་བཞག་རྒྱུ་བཅོས་སྒྱུར་གཏང་རྒྱུ་ལས་འགྲོ་སོང་ཆུང་བ་ཡོད། དེར་བརྟེན་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ས་མཚམས་བཅོས་སྒྱུར་གཏང་བར་ཟློག་ཏུ་མེད་པའི་ཤུགས་རྐྱེན་ཡོད་དགོས། ང་རང་སྒེར་གྱི་བསམ་ཚུལ་ལྟར་ན་དབུས་གཞུང་གིས་ཆབ་སྲིད་ཀྱི་ཉེན་འགན་ཆེན་པོ་དེ་ལྟ་བུ་འཁུར་མི་སྲིད་ཅིང༌། བཙན་བྱོལ་བོད་གཞུང་ཁོ་ནར་ས་མཚམས་བཅོས་སྒྱུར་བྱེད་རྒྱུའི་ནུས་ཤུགས་འདེང་ངེས་མེད། ྋགོང་ས་མཆོག་དང་རྣམ་པ་ཚོའི་ངོས་ནས་གནད་དོན་དེར་ཞིབ་འཇུག་ཚོད་དཔག་གང་འདྲ་གནང་གི་ཡོད་དམ།
བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག གོང་དུ་དྲི་བ་གསུམ་པའི་ལན་དུ་ཞུས་ཟིན་པ་ལྟར་འཛིན་སྐྱོང་འགྱུར་བ་བཏང་བར་ས་མཚམས་བཅོས་སྒྱུར་གཏང་དགོས་ངེས་ཡིན་པར་བསམ་གྱི་མེད། དོན་དངོས་ཐོག་ཞིང་ཆེན་ཕན་ཚུན་ནམ་རང་སྐྱོང་ལྗོངས་ཕན་ཚུན་དབར་གྱི་ས་མཚམས་ནི་དེ་ཙམ་གལ་འགངས་ཆེན་པོ་མིན། གང་ལགས་ཤེ་ན་དེ་དག་ཚང་མ་རྒྱལ་ཁབ་གྱི་ཆ་ཤས་ཡིན་པ་གཅིག་གྱུར་རེད།
འོན་ཀྱང་རང་སྐྱོང་ས་ཁུལ་ནས་རང་སྐྱོང་ས་ཁུལ་མ་ཡིན་པར་ས་མཚམས་བཅོས་སྒྱུར་བཏང་ན་འབྲེལ་ཡོད་རང་སྐྱོང་ལྗོངས་དང་ཞིང་ཆེན་ལ་ཕན་གནོད་འབྲེལ་གྱི་ཡོད་པ་དངོས་བདེན་ཡང༌། ང་ཚོས་རང་སྐྱོང་ས་ཁུལ་མ་ཡིན་པ་ཞིག་བོད་རིགས་རང་སྐྱོང་ལྗོངས་ནང་བཅུག་དགོས་བཤད་ཀྱི་མེད། ང་ཚོའི་མངོན་འདོད་གྱི་སྙིང་དོན་རང་སྐྱོང་གི་ས་ཁུལ་དུ་ངོས་འཛིན་ཡོད་པའི་བོད་རིགས་རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་རྣམས་ལ་རང་སྐྱོང་འཛིན་སྐྱོང་གཅིག་དགོས་པ་དེ་རེད།
སྐུ་ཞབས་པི་ཡན་ཐའོ། སྐུ་ཉིད་ནས་པེ་ཅིང་གིས་གྲངས་ཉུང་མི་རིགས་འདུས་སྡོད་བྱས་པའི་ས་ཁུལ་རྣམས་དུམ་བུ་མང་པོར་བགོས་པ་རྩ་ཁྲིམས་དང་འགལ་ཚུལ་གསུངས་འདུག འོན་ཀྱང་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་ལེན་བསྟར་ཏེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་སྤྱོད་རྒྱུ། ཞེས་གསལ་འཁོད་ཡོད། དེའི་ནང་གྲངས་ཉུང་མི་རིགས་ཁག་ལ་རང་སྐྱོང་འཛིན་སྐྱོང་གཅིག་འཛུགས་དགོས་པའི་གསལ་ཁ་གང་ཡང་མི་འདུག ལྷག་དོན་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་གཉིས་པར་མི་རིགས་རང་སྐྱོང་ས་གནས་རྣམས་ལས་རང་སྐྱོང་ལྗོངས་དང༌། རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་སུ་དབྱེ་རྒྱུ་ཞེས་གཏན་འབེབས་བྱས་ཡོད། དེར་བརྟེན་ད་ལྟའི་དབུས་གཞུང་གི་བྱེད་ཕྱོགས་ནི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་དང་མཐུན་པ་ཡིན།
སྐུ་ཉིད་ཀྱིས་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་ལ་གོ་བ་བླང་སྟངས་དེ་སུ་དང་ཡང་མི་འདྲ་བ་ཞིག་འདུག ཁྱད་པར་འདི་གང་འདྲ་ཐག་གཅོད་བྱེད་དགོས་སམ།
བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་ཀྱི་གཞི་རྩའི་དམིགས་ཡུལ་གྲངས་ཉུང་མི་རིགས་ཀྱི་རང་གི་ཐུན་མོང་མ་ཡིན་པའི་ངོས་འཛིན་སྲུང་སྐྱོབ་དར་སྤེལ་ཡོང་ཆེད་རེད། དེ་ཡོང་བར་ས་ཁད་ཀྱི་ཆ་ནས་ཡོང་ཐབས་མེད་ན་མ་གཏོགས་མི་རིགས་གཅིག་གི་ཁོངས་སུ་གཏོགས་པ་རྣམས་ལ་འཛིན་སྐྱོང་གཅིག་གྱུར་ཡོད་དགོས། རྩ་ཁྲིམས་དོན་ཚན་བཞི་པའི་ནང་། མི་རིགས་མཐུན་སྒྲིལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་བའི་བྱ་སྤྱོད་བཀག་སྡོམ་བྱེད་རྒྱུ། ཞེས་འཁོད་ཡོད།
མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ནང་མི་རིགས་རང་སྐྱོང་ས་གནས་རྣམས་རང་སྐྱོང་ལྗོངས་དང༌། ཁུལ། རྫོང་བཅས་སུ་དབྱེ་དགོས་འཁོད་མོད། རང་སྐྱོང་ལྗོངས་འཛུགས་ཕྱོགས་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་དང་མཐུན་པར་མི་རིགས་བྱེ་བྲག་པ་དེའི་ས་ཁྱོན་དང་མི་འབོར་གཞི་བཟུང་ཐག་གཅོད་དགོས། དཔེར་ན་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང༌། ནང་སོག་རང་སྐྱོང་ལྗོངས་ལྟ་བུ་རེད། མི་རིགས་གཅིག་ཆེད་དུ་གཉེར་ནས་རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་མང་པོ་བཙུགས་ནས་དུམ་བུར་བཏང་དགོས་དོན་གང་ཡང་མེད།
ལོ་ངོ་བརྒྱ་ཕྲག་མང་པོའི་རིང་བོད་རིགས་རྣམས་ཕ་མེས་ནས་ས་ཁུལ་བྱེ་བྲག་པ་གཅིག་ཏུ་བར་མཚམས་མེད་པར་མུ་འབྲེལ་ནས་འདུས་སྡོད་ཡོད་པར་ལྟོས་མེད་ཀྱིས་དུམ་བུ་མང་པོར་བཏང་བ་ནི་རྩ་ཁྲིམས་ཀྱི་དགོངས་དོན་དང་འགལ་བར་བསམ་གྱི་ཡོད། དེ་ནི་བཙན་རྒྱལ་རིང་ལུགས་པའི་དུམ་བུར་བགོས་ནས་དབང་བསྒྱུར་བའི་བྱེད་ཕྱོགས་ཤིག་ཡིན། གལ་སྲིད་གྲངས་མི་རིགས་གཅིག་ནང་ཁུལ་དུ་ཆིག་བསྒྲིལ་བཟོ་མ་ཐུབ་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་ཆིག་བསྒྲིལ་དེ་བས་ཀྱང་ཡོང་དཀའ། བསམ་བློའི་ཆིག་བསྒྲིལ་ནི་རྒྱལ་ཁབ་ཆིག་བསྒྲིལ་འགན་སྲུང་བྱེད་པའི་རྒྱུ་རྩ་ཡིན།
སྐུ་ཞབས་པི་ཡན་ཐའོ། གལ་སྲིད་བོད་ལ་རང་སྐྱོང་འཛིན་སྐྱོང་གཅིག་ལག་བསྟར་བྱེད་ན་གྲངས་ཉུང་མི་རིགས་གཞན་ཚོས་ཀྱང་དེ་ལྟར་རྩོད་ཆོག་པ་ཡོང་རྒྱུ། དེ་ནི་གྲངས་ཉུང་མི་རིགས་ཐོག་འཛིན་པའི་རྒྱ་ནག་གི་སྲིད་བྱུས་མགོ་རྟིང་སློག་པ་དང་ད་ཡོད་དབུས་གཞུང་གིས་ས་གནས་སྲིད་གཞུང་ཁག་ལ་འབྲེལ་ལམ་བྱེད་ཕྱོགས་དང་ཁྱད་པར་ཤུགས་ཆེ་འགྲོ་ངེས་རེད། ད་ལྟའི་ཆར་བོད་རིགས་དང་འདྲ་བར་རྒྱ་རིགས་རྣམས་ཀྱང་ཞིང་ཆེན་དང༌། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོགས་གང་དུ་གནས་ཡོད་ནའང་དེ་དང་དེའི་འཛིན་སྐྱོང་འོག་གནས་ཀྱི་ཡོད། འདིའི་ཆ་ནས་བོད་རིགས་དང་རྒྱ་རིགས་གཉིས་འདྲ་མཉམ་རེད། གལ་སྲིད་རྒྱ་རིགས་རྣམས་ད་མུས་བཞིན་བཞག་ནས་བོད་རིགས་རྣམས་འཛིན་སྐྱོང་གཅིག་གི་ནང་ལོགས་སུ་བཟོས་ན་དེ་མི་རིགས་འདྲ་མཉམ་མ་ཡིན་པ་ཆགས་ཀྱི་མེད་དམ། དེར་སྐུ་ཉིད་ནས་གང་འདྲ་གཟིགས་ཀྱི་ཡོད་དམ།
བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག མི་རིགས་ཕན་ཚུན་དབར་འདྲ་མཉམ་ཡང་དག་པ་ཞིག་ཡོང་ཐབས་བྱེད་རྒྱུ་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་ལྟ་གྲུབ་ཡིན་པ་མ་ཟད། ད་ལྟའི་ཆར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་བརྩི་བཀུར་བྱེད་ཀྱི་ཡོད་པའི་རེ་བ་བྱེད་ཀྱི་ཡོད། དེ་ལྟ་བུའི་འདྲ་མཉམ་ཡོང་ཐབས་དང་མི་རིགས་ཆེན་པོའི་རིང་ལུགས་འགོག་ཆེད་མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་བྱུང་བ་རེད། དེར་བརྟེན་རང་སྐྱོང་གི་གོ་སྐབས་ནི་གྲངས་ཉུང་མི་རིགས་ཚང་མར་དགོས་ངེས་ཅན་རེད།
རང་སྐྱོང་འཛིན་སྐྱོང་གཅིག་དང་མང་པོའི་སྐོར་དེ་མི་རིགས་སོ་སོ་འདུས་སྡོད་ཡོད་སའི་ས་ཁུལ་ལ་གཞིགས་ནས་ཐག་གཅོདདགོས། བོད་རིགས་དང་སོག་རིགས་ལྟ་བུ་ས་ཁུལ་བྱེ་བྲག་པ་གཅིག་ལ་བར་མཚམས་མེད་པར་མུ་འབྲེལ་ནས་གནས་པ་རྣམས་ལ་འཛིན་སྐྱོང་གཅིག་དང༌། ས་ཁུལ་གཅིག་ལ་མི་གནས་མཁན་རྣམས་ལ་འཛིན་སྐྱོང་མང་པོ་བཟོས་ཆོག དེ་ལྟར་བཀོད་སྒྲིག་བྱེད་རྒྱུ་མི་རིགས་འདྲ་མཉམ་གྱི་ལྟ་གྲུབ་དང་འགལ་བ་མེད། དེ་ལས་ལྡོག་སྟེ་ས་ཁྱོན་དང་མི་འབོར་གྱི་དབྱེ་བ་མེད་པར་ཚང་མར་མི་རིགས་འདྲ་མཉམ་བསྐྲུན་ཐུབ།
སྐུ་ཞབས་པི་ཡན་ཐའོ། ྋགོང་ས་མཆོག་གི་སྐུ་ཚབ་ནས་པེ་ཅིང་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ནང་བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་བདེ་འཇགས་སྐོར་གླེང་སློང་བྱས་འདུག སྐུ་ཉིད་ཀྱིས་ལྡི་ལི་གསར་པར་བོད་ཆེན་པོའི་སྐོར་གྱི་གསུང་བཤད་ནང་བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་བྱུང་ན་ས་གནས་མི་རིགས་རིང་ལུགས་བཀག་འགོག་ཐུབ་པ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྟན་ལྷིང་འགན་སྲུང་ཐུབ་པའི་དགེ་ཕན་ཡོད་ཅེས་གསུངས་འདུག ངའི་བསམ་པར་གནད་དོན་འདིར་ལྟ་ཕྱོགས་སམ་ལངས་ཕྱོགས་ཁ་ཤས་འདུག་སྙམ། དབུས་གཞུང་གི་ངོས་ནས་བོད་ཆེན་པོའི་འཛིན་སྐྱོང་གཅིག་འཛུགས་རྒྱུའི་ཕན་གནོད་ཁྱོན་ཡོངས་ནས་ཞིབ་རྩིས་བྱེད་སྲིད་པས། དེ་སྐབས་དབུས་གཞུང་གིས་བོད་ཆེན་པོའི་འཛིན་སྐྱོང་ལ་ཡིད་ཆེས་ཇི་ཙམ་བྱེད་མིན་དེ་འགག་རྩའི་གནད་དོན་རེད། ངའི་བསམ་ཚུལ་ལྟར་ན་ད་ལྟའི་ཆར་དབུས་གཞུང་གིས་འཛིན་སྐྱོང་གཅིག་བཟོས་པས་ས་གནས་མི་རིགས་རིང་ལུགས་བཀག་འགོག་དང༌། རྒྱ་ནག་གི་བརྟན་ལྷིང་དང་ཆིག་བསྒྲིལ་འགན་སྲུང་ཡོང་རྒྱུར་ཡིད་ཆེས་བྱེད་དཀའ་སྙམ། གང་འདྲ་བྱས་ཏེ་སྲ་ཞིང་མཁྲེགས་པའི་འཁྱག་རོམ་དེ་གཏོལ་ཐུབ་བམ།
བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག དྲི་བ་འདིར་ལན་འདེབས་བྱེད་རྒྱུ་ཁག་པོ་རེད། གང་ཡིན་ཟེར་ན་དེ་ནི་དངོས་དོན་དང་ལྟ་གྲུབ་བཅས་ལ་འབྲེལ་བ་མེད་ཅིང་རྒྱ་ནག་གི་ད་ལྟའི་དབུ་ཁྲིད་ཚོའི་བསམ་བློ་གཏོང་སྟངས་ལ་འབྲེལ་བ་ཡོད།
རྒྱུ་མཚན་ཁོ་ནའི་དབང་དུ་བྱེད་ནའང་གལ་སྲིད་སེམས་ཀྱི་ཆིག་སྒྲིལ་དང་ཕན་ཚུན་ཡིད་ཆེས་ཀྱི་སྒོ་ནས་བརྟན་ལྷིང་ཡོང་རེ་བྱེད་ཀྱི་ཡོད་ན་འཛིན་སྐྱོང་གཅིག་གིས་ཆིག་སྒྲིལ་ཡོང་བར་ཕན་ཐོགས་ངེས་ཅན་ཡོད། དྲག་གནོན་གྱི་ལམ་ནས་ཆིག་སྒྲིལ་དང་བརྟན་ལྷིང་བསྐྲུན་རྒྱུར་ཡིད་ཆེས་བྱེད་མཁན་ཞིག་ཡིན་ནའང་འཛིན་སྐྱོང་གཅིག་གྱུར་ཡོད་ན་དྲག་གནོན་བྱེད་སླ་བ་ཡོད།
ང་ཚོར་འཁྱག་རོམ་གཏོལ་རྒྱུའི་ཐབས་ལམ་སྟབས་བདེ་གང་ཡང་འདོན་རྒྱུ་མེད། འོན་ཀྱང་འཁྱག་རོམ་དེ་གཏོལ་ཐུབ་མིན་ལ་མ་ལྟོས་པར་ང་ཚོའི་མངོན་འདོད་དང་བསམ་ཚུལ་རྣམས་ལྷག་བསམ་རྣམ་དག་གིས་གསལ་འདོན་བྱེད་དགོས། དེ་ལས་གཞན་པའི་ལམ་ཁ་མེད།
སྐུ་ཞབས་པི་ཡན་ཐའོ། བོད་ཆེན་པོ་ནི་རྒྱལ་ནང་གི་རྒྱ་རིགས་ཚོས་བོད་ཀྱི་གནད་དོན་ཤེས་རྟོགས་ཡོང་བར་འགོག་རྐྱེན་ཆེ་ཤོས་དེ་རེད་སྙམ། དེ་ལས་གཞན་པའི་བཙན་བྱོལ་བོད་གཞུང་གི་སེམས་འཚབ་དཔེར་ན། ཆོས་དད་རང་དབང་དང༌། དཔལ་འབྱོར་ཡར་རྒྱས། སློབ་གསོ་དར་སྤེལ། བོད་མིའི་ལེགས་བྱང་སྲུང་སྐྱོབ་བྱེད་རྒྱུ་སོགས་ལ་བསམ་ཤེས་བྱེད་ཐུབ་ཅིང༌། རྒྱབ་སྐྱོར་ཡང་བྱེད་ཀྱི་རེད་སྙམ་པའི་ཡིད་ཆེས་ཡོད། འོན་ཀྱང་ད་ལྟའི་ཆར་བོད་རིགས་ས་ཁུལ་ཡོངས་རྫོགས་གཅིག་གྱུར་བྱེད་རྒྱུ་དེ་པེ་ཅིང་དང་བཙན་བྱོལ་བོད་གཞུང་དབར་གྱི་མི་མཐུན་ས་ཆེ་ཤོས་སུ་སྣང༌། གལ་སྲིད་འབྲེལ་མོལ་མདུན་སྐྱོད་མ་ཐུབ་ན་མ་འོངས་པར་བཙན་བྱོལ་བོད་གཞུང་གིས་བོད་རིགས་ས་ཁུལ་ཡོངས་ལ་འཛིན་སྐྱོང་གཅིག་གི་ལངས་ཕྱོགས་དེར་འགྱུར་བ་གཏོང་སྲིད་དམ། འདིའི་ཐད་ྋགོང་ས་མཆོག་གི་འབྲེལ་མོལ་བྱེད་ཕྱོགས་ཀྱི་ཐབས་བྱུས་ལ་འགྱུར་བ་ཡོང་སྲིད་དམ།
བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག ད་ལྟའི་ཆར་དྲི་བ་འདི་ལ་ལན་འདེབས་བྱེད་ཐབས་བྲལ་བ་རེད། གང་ཡིན་ཟེར་ན་གདམ་ཁ་གཞན་གང་ཡང་མདུན་དུ་མེད།
ང་ཚོའི་ཕྱོགས་ནས་བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གི་དགོས་འདུན་དེ་རྒྱུ་མཚན་ལྡན་ཞིང༌། རྩ་ཁྲིམས་དང་མཐུན་པ་མ་ཟད། བོད་མི་རིགས་ཀྱི་ཁྲིམས་མཐུན་ཐོབ་ཐང་ཡིན་པར་བསམ་གྱི་ཡོད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་ཆབ་སྲིད་ཀྱི་ཆོད་སེམས་ཡོད་ན་དེ་དག་ལག་བསྟར་བྱེད་རྒྱུར་དཀའ་ངལ་གང་ཡང་མེད། གོང་དུ་ཞུས་པ་ལྟར་ང་ཚོའི་དགོས་འདུན་གྱི་དམིགས་ཡུལ་བོད་མིའི་སྐད་ཡིག་དང༌། ལེགས་བྱང༌། ནང་དོན་རིག་པའི་སྲོལ་རྒྱུན་རྣམས་སྲུང་སྐྱོབ་བྱེད་ཐབས་ཁོ་ནའི་ཆེད་རེད།
འོན་ཀྱང་རྒྱུ་མཚན་ལྡན་ལ་ངེས་རྙེད་ཐུབ་པའི་བསམ་འཆར་གཞན་འདོན་མཁན་ཡོད་ན་ྋགོང་ས་མཆོག་ནི་དུས་དང་རྣམ་པ་ཀུན་ཏུ་དྲང་བདེན་དང་རྒྱུ་མཚན་ལ་བརྟེན་པའི་བསམ་འཆར་དགོངས་བཞེས་གནང་རྒྱུའི་ཐུགས་མོས་ཡོད་མུས་རེད།། །།
(བཅར་འདྲི་ཞུ་མཁན་སྐུ་ཞབས་པི་ཡན་ཐའོ་ནི་རྒྱ་ནག་ནང་ཡོད་པའི་མཁས་དབང་ཞིག་ཡིན་ཞིང་། ད་ལྟའི་ལས་གནས་ནི་ཀྲུང་གོ་ཧའེ་ནན་སློབ་གྲྭ་ཆེན་མོའི་བརྒྱུད་ལམ་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་ཡིན་པ་དང་། བཅར་འདྲིའི་རྩོམ་ཡིག་དང་པོ་དེ་ནིའུ་ཡོག་ནས་ཐོན་པའི་པེ་ཅིང་དཔྱིད་ཀ་ཞེས་པའི་རྒྱ་ཡིག་གི་དུས་དེབ་ནང་བཀོད་ཡོད་པ་རེད།)
(འདི་སྐུ་ཞབས་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་རེ་སྐུལ་གནང་བ་ལྟར་ཕྲན་གྱི་ཟིན་བྲིས་སུ་བཀོད་པའོ།།)