ལྡན་མ་ཐུབ་བསྟན་ཕུན་ཚོགས།
རྒྱུ་རྩལ་སྟོང་གི་བསྐྲུན་པའི་ཁང་བཟང་དང༌།།
ངལ་བ་བརྒྱ་ཕྲག་བསྟེན་པའི་རིན་ཆེན་རྫས།།
ལོ་རྒྱུས་རང་བཞིན་ལྡན་པའི་གཏེར་ཆེན་སོགས།།
ལྷན་སྐྱེས་འབྱུང་བཞི་གཡོ་བའི་འོག་ཏུ་ནུབ།།
ཡུལ་གྱི་བཀོད་པ་རྟོག་ངོར་འཆར་བའི་བརྙན།།
སུས་ཀྱང་འཕྱི་བར་མི་ནུས་བརྟན་པར་ཟུགས།།
ལས་དབང་བཙན་པོས་ས་མཐའ་ཕུད་པའི་བུ།།
རྒྱང་རིང་ཡུལ་ནས་མིག་ཆུ་དབང་མེད་ཤོར།།
སྤྱིར་ན་སྐྱེས་ནས་འཇིག་པ་འཁོར་བའི་གཤིས།།
མི་ཤི་གོད་ཆགས་འབྱུང་བ་རྒྱུ་མའི་འཁྲུལ།།
སྐྱེ་འགྲོ་བགྲང་ལས་འདས་པའི་སྲོག་གི་རྩ།།
དུས་གཅིག་ས་ཡི་འོག་ཏུ་ལུད་པ་སྐྱོ།།
