སེར་བྱེས་ར་རྒྱ་བློ་བཟང་དཔལ་ལྡན།
བོད་མི་རིགས་ཙམ་དུ་མ་ཟད་འཛམ་གླིང་སྤྱིའི་ཤེས་རིག་གི་མ་ཡུམ་ལྟ་བུར་གྱུར་པའི་ནང་བསྟན་ཆོས་ལུགས་སློབ་གཉེར་བྱེད་པོ་དག་ལ་སྤུས་ཚད་ཡག་པོ་ཞིག་མ་འཛོམས་ན་བོད་མི་རིགས་ཀྱི་མཚང་དང༌། ནང་བསྟན་ཆོས་ལུགས་ཀྱི་ཕམ་ཁ་ཉག་གཅིག་ཡིན། དེའི་ཕྱིར་དགོན་སྡེ་ཁག་གི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་སློབ་གཉེར་ལམ་སྲོལ་དང་དེའི་གལ་ཆེན་རང་བཞིན་གྱིས་མི་རྣམས་ཀྱི་བློ་ཡིད་འགུག་ཐུབ་པ་ཞིག་ངེས་པར་བཟོ་དགོས། གང་མགྱོགས་ཀྱིས་དེ་ལྟར་བཟོ་མ་ཐུབ་ན་ཉམས་ཉེས་སུ་འགྲོ་པར་ཐག་ཆོད་པ་ཞིག་རེད། ནམ་རྒྱུན་གྲྭ་བའི་ཀུན་སྤྱོད་མི་ལེགས་པ་དང་ཁྱིམ་པ་སུན་འབྱིན་གྱི་ལས་གསོག་རབས་ཀྱི་སྐད་ཆ་དེ་ཡང་ཉུང་དུ་གཏོང་རྒྱུར་ང་ཚོས་ལག་ལེན་ཁྲོད་ཐབས་ཤེས་ལ་བསྟེན་ནས་བྱེད་དགོས་པ་ཞིག་རེད། གནས་སྟངས་འདི་ལ་དགོངས་ནས་ྋགོང་ས་སྐྱབས་མགོན་ཆེན་པོས་དེང་རབས་ཅན་གྱི་ངོ་བོ་ནི་དེང་དུས་ཀྱི་སློབ་གསོ་ལ་རག་ལས་ཤིང་། ཚན་རིག་དང་འཕྲུལ་ལས་ལ་བྱང་བར་བྱེད་པ་ནི་དེང་རབས་ཀྱི་སློབ་གསོའི་སྙིང་པོ་ཡིན་པ་ངས་སྐབས་དེར་རྟོགས། ང་རང་སྒེར་ནས་སློབ་གསོའི་ལས་གཞི་འདིར་འཆང་བའི་ཆོད་སེམས་དེ་ད་དུང་ཡང་འགྱུར་མེད་པས། ཐ་ན་ཕུལ་དུ་བྱུང་བའི་གནའ་རབས་ཀྱི་ནང་ཆོས་གཙོ་བོ་ཁྲིད་སའི་དགོན་སྡེ་ཁག་གི་ཁྲིད་གཞིའི་སློབ་ཚན་ལའང་ཚན་རིག་འཇོག་དགོས་པའི་སྐུལ་མ་གཏོང་གི་ཡོད་ཅེས་ལོ་ནས་ལོ་བསྟུད་གདན་ས་ཁག་ལ་ཚན་རིག་གི་སློབ་ཚན་འཛུགས་དགོས་པ་དང༌། གྲྭ་བས་ཚན་རིག་སྦྱོང་དགོས་པ། མི་དམངས་ཀྱིས་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་རླབས་ཆེ་བ་དེ་དག་གསུང་བཞིན་པ་རེད། དེ་ནི་གདན་སའི་སློབ་གཉེར་གཅིག་པུའི་གནད་དོན་ཞིག་ཀྱང་མིན་པར་བོད་མི་རིགས་ཀྱི་སྐད་ཡིག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང༌། ནང་བསྟན་ཆོས་ལུགས་ཀྱི་སློབ་གཉེར་ཁང་རྣམས་ཀྱི་དུས་རབས་གསར་བའི་མི་དམངས་ཀྱི་འདོད་བློ་སྐོང་ཐུབ་པ་ཞིག་འོངས་པའི་ཆེད་དུ་རེད། རང་ཅག་གིས་ཀྱང་ྋགོང་ས་སྐྱབས་མགོན་ཆེན་པོ་རླབས་ཆེའི་བཀའ་སློབ་དེ་དག་སྣང་མེད་དུ་མ་བཞག་པར་སློབ་གཉེར་བའི་ཁྲིད་གཞིའི་སློབ་ཚན་ནང་དུ་ཚན་རིག་འཇོག་ཐུབ་བྱེད་པའམ་ད་ལྟའི་གདན་སའི་ཁྲོད་ཀྱི་ཚན་རིག་འཛིན་གྲྭ་འདི་ཡར་རྒྱས་གོང་འཕེལ་དུ་གཏོང་ཅི་ཐུབ་བྱ་དགོས་པར་མཐོང་། གང་ལྟར་གྲྭ་བ་རྣམས་ཀྱིས་ཚན་རིག་དང་དབྱིན་སྐད་སོགས་མི་རིགས་གཞན་གྱི་ཤེས་རིག་སྦྱང་རྒྱུ་ནི་ྋགོང་ས་མཆོག་གིས་དགོངས་གཞི་ཡིན་པ་མ་ཟད། བོད་མི་རིགས་ཀྱི་མ་འོངས་པའི་དར་རྒུད་ལ་ཐད་ཀར་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཡིན།
ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གནའ་རབས་ཀྱི་རིག་གཞུང་དང་ཆོས་གཅིག་པུ་ཤེས་པ་ལས། དེང་དུས་འཛམ་གླིང་གི་ཤེས་ཡོན་མ་ཤེས་ན་མི་ཕྱེད་ཀ་ལྟ་བུ་ཡིན། ཡང་དེང་དུས་ཀྱི་ཤེས་ཡོན་ཤེས་པ་ལས་བོད་རང་ལ་གནའ་རབས་ནས་ཡོད་པའི་བཟང་པོའི་ཤེས་ཡོན་དེ་དག་མ་ཤེས་ན་མི་ཕྱེད་ཀ་ལྟ་བུ་ཞིག་ཡིན། སོ་སོའི་ཤ་ཁྲག་རུས་གསུམ་བོད་མི་ཡིན་ནའང་ངོ་ཐོག་བོད་པའི་དྲི་མ་ཁ་བའི་ཁྱད་ཆོས་མ་ཚང་ན་བོད་པ་ཕྱེད་ཀ་ལྟ་བུ་ཡིན། དེར་བརྟེན་ང་ཚོའི་མི་རབས་གསར་པ་ཚོས་དུས་རབས་ཉི་ཤུ་པ་དང་དུས་རབས་ཉེར་གཅིག་པའི་རྗེས་ཟིན་ཐུབ་པ་ཞིག་དང༌། དུས་ཚོད་ཀྱི་འགྱུར་འགྲོས་དང་བསྟུན་ནས་མཉམ་དུ་འགྲོ་ཐུབ་པ་ཞིག་དགོས། ཞེས་གསུངས་པ་ལྟར་སློབ་གཉེར་འཕེལ་རྒྱས་དང་སྤུས་ཚད་ཡག་པོའི་འཛོམས་ཐབས་ཀྱི་འཆར་འགོད་ལག་ལེན་དང་བཅས་པ་གཏན་ལ་འབེབ་རྒྱུ་ཕྱི་དྲགས་པ་ལས་སྔ་དྲགས་མེད། དཔེར་ན། ༸གོང་ས་མཆོག་གིས་སྔར་ནས་ཡང་དང་ཡང་དུ་གསུངས་པའི་དགེ་ལུགས་སྤྱི་ལ་ཁྱབ་པའི་སྒྲིག་གཞི་དགོས་སྐོར་གསུངས་པ་དེ་ཡང་གདན་ས་གསུམ་ལ་སློབ་གཞི་གཅིག་གྱུར་དང་སློབ་ཚན་གཅིག་གྱུར་འཛིན་གྲྭའི་འགྲོ་སྟངས་གཅིག་གྱུར། དགེ་བཤེས་དང་མིང་བཏགས་ཀྱི་རིམ་པ་གཅིག་གྱུར། དེ་དག་གི་འཛིན་སྐྱོང་དང་སྒྲིག་གཞི་གཅིག་གྱུར་བཅས་ནི་དགེ་ལུགས་སྤྱི་ལ་ཁྱབ་པའི་སྒྲིག་གཞི་དགོས་སྐོར་གསུངས་པའི་བཀའ་སློབ་དེ་དག་གི་ནང་སྙིང་ལྟེ་བ་དེ་ཡིན་ཡང་ང་ཚོས་ཇི་བཞིན་བསྒྲུབས་ཐུབ་མེད། ྋགོང་ས་མཆོག་གིས་ཐུགས་ཕམ་ཆེན་པོས་གསུངས་དོན། ང་ཚོས་གཞུང་ལུགས་དེ་དག་ད་ལྟ་རྩེད་ཆས་ལྟ་བུར་གྱུར་ཏེ། ནང་དོན་གོ་ཐབས་ལ་བསམ་བློ་གཏོང་མི་དགོས། བསྟན་དོན་ཉམས་ལེན་ལ་སྦྱོར་མི་དགོས། མི་ཚེའི་རིང་ཁྱབ་མཐའ་དང་རྟགས་གསལ་གྱིས་སྐྱེལ་བ་ནི་བློ་ཕམ་དགོས་པ་དང༌། དགེ་ལུགས་པའི་ཞབས་འདྲེན་ལྟ་བུ་རེད་ཅེས་བཀའ་གནང་ཡོད་པ་རེད། བཀའ་སློབ་འདི་ཙམ་གྱིས་ཀྱང་ང་ཚོས་སློབ་གཉེར་བྱེད་ཕྱོགས་ལ་འགྱུར་བ་ཅི་འདྲ་གཏོང་དགོས་མིན་གསལ་སྟོན་བྱས་ཡོད་པ་རེད། མདོར་ན་སློབ་གཉེར་ཡར་རྒྱས་ཀྱི་འགོག་རྐྱེན་ཆེ་ཤོས་ནི་སྒྲིག་འཛུགས་དང་འཛིན་སྐྱོང་གིས་ངོས་ནས་སློབ་གསོའི་སྒྲིག་གཞི་དང་འཆར་བཀོད་འཐུས་ཚང་ཞིག་མེད་པ་དེ་རེད། དེར་བརྟེན་སློབ་ཐོན་པའི་ཁྲོད་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རེ་ལྟར་གྱི་སློབ་གཉེར་བ་ཧ་ཅང་ཉུང་ངུ་ཞིག་ལས་ཐོན་ཐུབ་ཀྱི་མེད།
འོ་ན་ཇི་ལྟར་བྱེད་དགོས་ཞེ་ན་སློབ་གཉེར་བ་རྣམས་ལ་མ་མཐའ་ཡང་སྤྱི་ཚོགས་སློབ་གསོ་དང་བོད་ཡིག་གི་རྨང་གཞི་བརྟན་པོ་ཡོད་པ་དང༌། དགོས་མེད་ཀྱི་ཚིག་འཁྲི་སྐམ་པོའི་རྟགས་གསལ་ཇེ་ཉུང་དུ་གཏོང་བ་དང༌། གདན་ས་གསུམ་གྱི་དབུ་ཕར་དང་མཛོད་རྣམ་འགྲེལ་བཅས་ཀྱི་སློབ་གཞི་གཅིག་གྱུར་ཡིན་པ། སློབ་གཉེར་བས་གཞུང་ཆེན་ཁག་གི་རྩ་འགྲེལ་དང་སྡོམ་གང་བློ་འཛིན་བྱེད་དགོས་མིན་སློབ་གཉེར་བ་དྲག་གྲས་རྣམས་དང་ཉམས་མྱོང་ཅན་རྣམས་ཀྱི་བསམ་ཚུལ་གཞི་རྩར་བཞག་སྟེ་ཕྱོགས་ཞེན་གྱི་དབང་དུ་མ་སོང་བར་བསྒྱུར་བཅོས་གཏོང་དགོས་རིགས་དུས་ཐོག་བསྒྱུར་བཅོས་དང་གཏན་འབེབས་བྱེད་དགོས། ལོ་རེའི་རྒྱུགས་སྤྲོད་གང་ཞིག་འཕྲོད་དང་མ་འཕྲོད་པའི་ས་མཚམས་གསལ་ཞིང་ལག་ལེན་ལ་གཙང་མར་འགེལ་རྒྱུ། ཞབས་བརྟན་དང་ཚོགས་འཚོགས་རྒྱུ་ཉུང་དུ་གཏོང་རྒྱུ། འཛིན་གྲྭ་གང་ཞིག་ལ་དཔེ་ཁྲིད་དགེ་རྒན་དམིགས་འཛུགས་ཀྱིས་གཏན་འབེབས་བྱེད་པ། དཔེ་ཁྲིད་དགེ་རྒན་རྣམས་ལ་བོད་གཞུང་དང་གྲྭ་ཚང་ནས་གཟིགས་བཟོས་དང་ཟླ་ཕོགས་སྤྲོད་པ། སློབ་གཉེར་བ་དཔེ་ཁྲིད་ལ་འགྲོ་མིན་ཐད་སྒྲིག་འཛུགས་ཀྱི་ངོས་ནས་མི་སྣ་ཆེད་བསྐོས་ཀྱིས་བལྟ་རྟོག་བྱེད་པ། བགྲོ་གླེང་དང༌། ཚིག་འགྲེལ། གཞུང་གི་གོ་རིམ་སྒྲིག་རྒྱུ་མང་དུ་གཏོང་བ། མི་རེ་རེ་བཞིན་སྐབས་སུ་བབ་པའི་རྩོད་གཞུང་རེ་རེའི་དོན་དག་དང༌། དོན་དག་དེ་སྒྲུབ་བྱེད་ཀྱི་རིགས་ལམ་ཅི་ཡོད་སྦྱངས་བཤད་བྱེད་དུ་འཇུག་པ། དེ་ལ་འཛིན་གྲོགས་གཅིག་པའམ་ཡང་ན་འཛིན་གྲྭ་གོང་རིམ་ནས་དོགས་འདྲི་བྱེད་པ། འཛིན་གྲྭའི་ནང་གཞུང་ཆེན་ཁག་ལ་བརྡར་ཤ་གཅོད་མི་ཐུབ་མཁན་རྣམས་ལ་རིགས་གནས་ཆུང་ཁག་གི་སློབ་གཞི་གོ་སྒྲིག་བྱེད་དགོས། གཞི་གསུམ་གྱི་ཕྱག་ལེན་དང་དེའི་དགོས་དམིགས། སྡོམ་གསུམ་གྱི་བསླབ་བྱ་གཉིས་ཡང་ནས་ཡང་དུ་ངོ་སྤྲོད་བྱེད་པ། འཛིན་གྲྭ་ཐོན་མཚམས་སུ་བཀའ་རིམ་འཛིན་གྲྭའི་ནང་སྤུངས་གསོག་བྱས་ནས་མི་འཇོག་པར་རང་ཉིད་ཀྱི་ཤེས་ཚད་དང་བསྟུན་པའི་མིང་བཏགས་སྤྲོད་པ། གལ་སྲིད་ལོ་ཤས་རིང་བཀའ་རིམ་འཛིན་གྲྭར་སྤུངས་གསོག་བྱེད་དགོས་བྱུང་ན་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཆེན་མོ་དང་། རྗེ་བླ་མའི་ལམ་རིམ་ཆེ་ཆུང་གི་མཚོན་པའི་གནའ་དེང་གི་རིག་གནས་ཁྲིད་གཞིའི་སློབ་ཚན་གོ་སྒྲིག་བྱེད་དགོས་པ་ལས་ད་ལྟ་ནང་བཞིན་སྣང་མེད་དུ་གཏོང་མི་རུང་།
ལོ་རེ་བཞིན་གྲོས་ཚོགས་འཐུས་མི་རྣམས་དང་མཁས་པའི་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་དང་གྲྭ་ཚང་འདིའི་སློབ་གཉེར་བ་དྲག་གྲས་རྣམས་མཉམ་འཛོམས་ཐོག་སློབ་གཉེར་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་བགྲོ་གླེང་ཐེངས་གཅིག་ངེས་པར་འཚོགས་དགོས། དེ་ཙམ་མ་ཟད་སློབ་གཉེར་ཐོན་མཚམས་སུ་སློབ་ཐོན་གྱི་ཕྱག་འཁྱེར་ཙམ་སྤྲོད་རྒྱུར་གནད་འགག་ཆེར་མེད་ཀྱང་ཚད་ལྡན་གྱི་ཤེས་ཚད་མེད་མཁན་ལ་གཞུང་ལུགས་རབ་འབྱམས་པའི་ཕྱག་འཁྱེར་དང་། རིགས་གཅིག་རྐང་འཛིན་གྱི་ཕྱག་འཁྱེར་སྤྲད་ན་སྤྱི་ཚོགས་ནང་ཕྱག་འཁྱེར་གྱི་མཐོང་ཆག་སྟེ་མ་འོངས་པར་ཕྱག་འཁྱེར་འདི་རིགས་འཁྱེར་མཁན་ལ་སྤྱི་ཚོགས་ནང་བརྩི་མཐོང་མེད་པར་འགྲོ་ངེས་རེད། དེས་བོད་ཀྱི་མཁས་དབང་དང་བོད་ཀྱི་ཤེས་རིག་གི་མ་འོངས་པར་གྱོང་གུད་ཐེབས་རྒྱུ་ཡིན་པས་ཡིད་གཟབ་དགོས་གལ་ཆེ། དཔེར་ན་དབུ་ཕར་རབ་འབྱམས་པའི་ཕྱག་འཁྱེར་སྤྲོད་ས་དེ་དབུ་ཕར་གང་ཡིན་དབུ་ནས་མཇུག་བར་གྱི་ལོ་རེའི་བྲིས་རྒྱུགས་དང། རྩོད་རྒྱུགས། ཟུར་སྦྱོང་སློབ་ཚན་བཅས་ཀྱི་གྲུབ་འབྲས་ཕྱོགས་བསྡོམས་བྱས་ཏེ་ཨང་དང་པོའི་རྣམས་ལ་མ་གཏོགས་ཕུལ་མི་རུང་། དེ་བཞིན་ནང་དོན་རིག་པའི་རིགས་གཅིག་རྐང་འཛིན་བྱེད་མཁན་རྣམས་ལ་ཡང་ཆེད་སྦྱོང་གི་གྲུབ་འབྲས་རྩེ་ཕུལ་རྣམས་ལ་མ་གཏོགས་ཕྱག་འཁྱེར་སྤྲོད་མི་རིགས། སློབ་གཉེར་དྲག་དྲས་རྣམས་རྒྱལ་ཕྱི་ནང་གི་མཐོ་སློབ་ཁག་ལ་ཟབ་སྦྱོང་གང་མང་གཏོང་ཐུབ་ཐབས་བྱེད་དགོས། དུས་ཚོད་དམ་འཛིན་དང་ནམ་རྒྱུན་སློབ་གཉེར་བའི་སྒྲིག་ལམ་ཚགས་ཇེ་དམ་དུ་གཏོང་བ་བཅས་ནི་གདན་སའི་སློབ་གཉེར་འཕེལ་རྒྱས་དང་སྤུས་ཚད་ཇེ་མཐོར་གཏོང་བ་ལ་རྨ་གཞིའི་གྲུབ་ཆ་དག་རེད། འདི་ལྟར་ལག་ལེན་ལ་ཁེལ་ཐུབ་ན་བོད་ནང་ཁུལ་ལ་ནང་བསྟན་སློབ་གཉེར་བ་སྤུས་ལེགས་ཤིག་སྐྱེད་སྲིང་བྱེད་ཐུབ་པར་ཐེ་ཚོམ་ཅི་ཡང་མེད། དེ་ལྟ་མིན་པར་འདུལ་བ་མ་སླེབས་པར་སྡོམ་གསུམ་བསླབ་བྱའི་མིང་ཙམ་ཡང་མི་ཤེས་ཤིང༌། འདུལ་བའི་བཅོས་མཚམས་དང་དགོས་དམིགས་ཅི་ཡང་མི་ཤེས་པའི་དུག་གསུམ་རྒྱུད་ལྡན་གྱི་གང་ཟག་རྣམས་ཚོགས་གཏམ་དང་འགྱིག་ཐག་གིས་ནམ་ཡང་འདུལ་དཀའ་ཞིང༌། སློབ་གཉེར་བ་རྣམས་ལ་སློབ་གཞི་སློབ་འདོད་ཀྱི་འདུན་པ་དེ་ཡང་ཡོང་དཀའ་བ་ཞིག་རེད།
༸གོང་ས་མཆོག་གིས་ལས་རིགས་གང་དང་གང་ཞིག་ཡིན་ཡང་རང་རྐྱ་འཕེར་བའི་སྒོ་ནས་བསམ་བློ་གཏོང་ཐུབ་པ་དང༌། འཆར་གཞི་བཀོད་ཐུབ་པ། ལག་ལེན་བྱེད་ཐུབ་པ་བཅས་ཀྱི་རིགས་གཅིག་རྐང་འཛིན་པ་ཐོན་པ་བྱེད་དགོས། རིགས་གཅིག་རྐང་འཛིན་གྱི་མི་བཅུ་བྱུང་ཡང་དེའི་ཚོད་ཀྱི་ནུས་པ་ཐོན་རྒྱུ་དང༌། མི་བརྒྱ་ཐམ་པ་བྱུང་ནའང་དེའི་ཚོད་ཀྱི་ནུས་པ་ཐོན་རྒྱུ་རེད་ཅེས་ངས་འབོད་སྐུལ་རིམ་པར་བྱས་པ་ཡིན། དེ་ལྟར་འབོད་སྐུལ་བྱས་ཏེ་ལོ་སུམ་ཅུ་ཙམ་ཕྱིན་སོང༌། ཐོག་མའི་ལོ་ཉི་ཤུ་ང་ཚོས་རྐང་པ་འཛུགས་ཐབས་བྱས་པ་དང༌། དེ་རྗེས་ཀྱི་ལོ་སུམ་ཅུ་མ་ཟིན་ཙམ་རིང་ང་ཚོས་ཡར་རྒྱས་གཏོང་རྒྱུ་དང༌། ཚགས་ཚུད་གཏོང་རྒྱུའི་ལས་ཀ་དེ་དག་ཡག་པོ་ཞིག་བྱུང་ཨེ་ཡོད་བསམ་གྱི་འདུག་ཅེས་གསུངས་པ་ལྟར་ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རེ་ཇི་བཞིན་བོད་མི་རིགས་ཀྱི་མ་འོངས་པའི་དར་རྒྱས་ལ་ཕན་རླབས་ཆེན་པོ་བསྐྲུན་ནུས་པའི་སློབ་གཉེར་བ་ཞིག་སྐྱེད་སྲིང་བྱེད་པ་ལ་ད་དུང་དེ་ཙམ་གྱིས་མི་ཆོག་པར། བོད་ཀྱི་སྐད་ཡིག་དང་ཆོས་ལུགས་ཀྱི་སློབ་ཚན་རྣམས་གཞིར་བཞག་པའི་ཐོག། ཨང་རྩིས་དང༌། ཚན་རིག དེང་རབས་སེམས་ཁམས་རིག་པ། དབྱིན་ཇི་དང༌། ལེགས་སྦྱར། པ་ལིའི་སྐད་སོགས་སྐད་རིགས་གཞན་པ་དང༌། གཞུང་ལུགས་བྱེ་བྲག་པ་དང༌། གྲུབ་མཐའ་བྱེ་བྲག་པ། རྒྱུད་སྡེ་བྱེ་བྲག་པ་སོགས་ཀྱི་ཆེད་སྦྱོང་གི་སློབ་ཚན་ཀྱང་ངེས་པར་དུ་གྲ་སྒྲིག་བྱེད་དགོས་པ་དང་། སློབ་གཉེར་དྲག་གྲས་ནང་ནང་དོན་རིགས་པའི་རིགས་གཅིག་རྐང་འཛིན་གྱི་ལས་གཞི་གོ་སྒྲིག་བྱེད་མ་ཐུབ་ཀྱང་ལྷ་རམས་ཐོན་ཟིན་པ་རྣམས་ལ། རང་རང་གི་འདོད་མོས་བཞིན་གཞུང་ལུགས་བྱེ་བྲག་པ་ཞིག་ལ་རིགས་གཅིག་རྐང་འཛིན་བྱེད་དགོས་ཚུལ་གྱི་སྐུལ་འདེད་བྱེད་རྒྱུ་དང་། རིགས་གཅིག་རྐང་འཛིན་ཐོན་མཚམས་སུ་ཨང་རིམ་ལ་གཞིགས་ནས་སློབ་གཉེར་བའི་འཛིན་གྲྭའི་དགེ་རྒན་ལ་དམིགས་འཛུགས་བྱེད་དགོས།
དེ་རྣམས་ཀྱིས་གཞུང་ལུགས་ཁག་ལ་རིགས་གཅིག་རྐང་འཛིན་བྱེད་སྐབས་སུ་དགོས་ངེས་ཀྱི་རྨང་གཞིའི་ཆ་རྐྱེན་ཁག་ཅིག གཞུང་དེའི་ཁུངས་གཏུག་སའི་མདོ་དང་བསྟན་བཅོས་ལ་འགྱུར་ཁྱད་ཡོད་མེད་དང་། འགྱུར་ཁྱད་ཀྱི་དབང་གིས་མཁས་པའི་བཞེད་ཚུལ་མི་མཐུན་པ་བྱུང་ཡོད་མེད། རྐང་འཛིན་བྱེད་སའི་གཞུང་དེའི་རྩོམ་པ་པོ་དང་། དེས་ཡུལ་གང་དུ། རྒྱུ་རྐྱེནཅི་འདྲ་ཞིག་གི་འོག་ཏུ། ཚུལ་ཇི་ལྟར་བརྩམས་པ་དང་། རྩོམ་པ་པོས་སློབ་མ་སུ་དང་དེས་གང་དང་གང་ལ་འཆད་ཉན་སྤེལ་བ་དང་། དུས་ཚིགས་སོ་སོར་ཡུལ་ཕྱོགས་གང་ནས་གང་དུ་ཁྱབ་ཡོད་མེད། བོད་དུ་དུས་ནམ་ཞིག་དང་། རྒྱལ་པོ་གང་ཞིག་གི་བཀའ་ལུང་འོག་པཎྜི་ཏ་དང་ལོ་ཙྭ་བ་སུ་དང་གང་གིས་ཐོག་མར་བསྒྱུར་བ་དང་། འགྱུར་བཅོས་ག་ཚད་ཕྱིན་ཡོད་མེད། གཞུང་སོ་སོར་འགྲེལ་བ་འགྲེལ་བཤད། སྤྱི་མཐའ་དཔྱོད། མཆན་དང་། ཟིན་བྲིས་ཁག་ག་ཚད་བྱུང་བ། གཞུང་སོ་སོར་སྐབས་དང་རབ་བྱེད་ལེའུ་སོགས་ག་ཚད་ཀྱིས་གྲུབ་ཡོད་མེད་དང་། ཤོག་ལྡེབ་ཅི་ཙམ་བཞུགས་པ། གང་དུ་དཔར་སྐྲུན་གནང་བ། གོང་གསལ་དེ་ཁག་འཕེལ་དང་འགྲིབ། དེས་བོད་ཀྱི་སྤྱི་ཚོགས་དང་རིག་གཞུང་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་ཡོད་མེད་ཁ་གསལ་ཐོག་དཀའ་གནས་གང་དང་གང་ཡོད་ཚུལ། དེ་ལ་མཁས་པ་གཞན་གྱིས་བཤད་ཚུལ་མི་མཐུན་པ་གང་ཡོད། རང་ཉིད་ཀྱི་འདོད་ཕྱོགས་གང་ཡིན་པ་དང་དེའི་རྒྱབ་ལྗོངས་སུ་ལུང་རིགས་གང་ཡོད། ལྷག་པར་རིགས་པས་སྒྲུབ་བྱེད་གང་ཡོད་སོགས་གནད་དུ་ཁེལ་བའི་དངོས་ཐོག་བདེན་འཚོལ་གྱི་རིགས་པས་སྒྲུབ་བྱེད་ལྡན་པའི་རྩོམ་ཤོག་བྲིས་ནས་ཡིག་ངག་གཉིས་ཐོག་ནས་རྒྱུགས་སྤྲོད་བྱེད་དགོས།
དེ་ལྟར་བྱས་ན་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་ནང་བསྟན་མཚན་ཉིད་རིག་པའི་མཁས་དབང་མང་པོ་ཞིག་སྐྱེད་སྲིང་བྱེད་ཐུབ་པ་དང༌། ཆོས་ལུགས་འདིའི་མ་འོངས་པའི་རྒྱུད་འཛིན་ཐད་ཀྱི་སེམས་ཁྲལ་དེ་ཡང་ཞི་ངེས་པར་མ་ཟད། བོད་བརྒྱུད་ནང་བསྟན་གྱི་སྙན་གྲགས་ད་ལྟ་ལས་ཀྱང་རྒྱས་པ་དང༌། བོད་བརྒྱུད་ནང་བསྟན་འབུམ་རམས་པའི་གོ་མིང་དེ་ཡང་བདེ་བླག་ཏུ་འབྱུང་ངེས་ཤིག་རེད། དེ་ལྟའི་འཆར་གཞི་དང་ལག་ལེན་མྱུར་དུ་མགོ་འཛུགས་དགོས་ཏེ། རང་ཅག་མ་གཏོགས་བོད་བརྒྱུད་ནང་བསྟན་གྱི་ལ་རྒྱ་དང་དེའི་འཕེལ་རྒྱས་ལ་ཤ་ཚ་བྱེད་མཁན་སུ་ཞིག་ཡོད། ༸གོང་ས་མཆོག་གིས། དེ་བཞིན་ཆོས་རྒྱུད་ཁག་གི་བཤད་གྲྭ་ཚོ་ཧ་ཅང་ཡག་པོ་ཡོད། ད་དུང་ཡར་རྒྱས་གཏོང་དགོས་ཞེས་སྔ་ལོ་ང་ཚོ་སྐད་ཆ་བྱུང༌། ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཞེས་པའི་ཚིག་གཉིས་པོ་འདིའི་ནང་ང་ཚོས་ལས་ཀ་བྱེད་རྒྱུ་མང་པོ་ཡོད་པ་དེ་ལ་ང་ཚོས་བསམ་བློ་གཏོང་དགོས་ཞེས་སྐད་ཆ་བྱུང༌ཞེས་གསུངས་པ་ལྟར་མི་ཉམས་གོང་འཕེལ་དུ་གཏོང་ཚུལ་ལ་འབྲེལ་ཡོད་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་བསམ་བློ་གཏོང་རྒྱུ་གལ་གནད་ཤིན་ཏུ་ཆེ་བས་དེ་དོན་ཐུགས་མངའ་ཡོང་བ་ཞུ།
གོང་དུ་བཤད་པའི་སྐད་ཆ་འདི་དག་ལྷག་བསམ་རྣམ་པར་དག་པའི་ངང་ྋགོང་ས་སྐྱབས་མགོན་པོའི་ཐུགས་བཞེད་འགྲུབ་ཐུབ་པ་དང༌། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་དུས་རབས་འདིའི་ནང་རང་རྐྱ་འཕེར་བའི་ངང་ཡར་རྒྱས་སུ་འགྲོ་ཐུབ་པ། ད་ལྟ་དང་མ་འོངས་པའི་གདན་སའི་སློབ་གཉེར་བ་རྣམས་ཀྱི་མི་ཚེའི་མདུན་ལམ་དོན་ལྡན་ཞིག་འོང་ཐབས་ལ་རང་གི་རྣམ་དཔྱོད་ཀྱིས་ལྕོག་ཚོད་ཅིག་བཤད་པ་ལས། རང་དོན་སྒྲུབ་ཐབས་དང༌། ཡང་ན་སྐད་གྲགས་འགྲོ་ཐབས། རང་རེའི་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ལ་ལྟ་ཚུལ་ངན་པ་འཆང་བ་སོགས་གཏན་ནས་མིན་པས་གཟིགས་པོ་རྣམས་ཀྱིས་ཞིབ་འཇུག་གཟབ་ནན་དང༌། ཐུགས་དཀྱེལ་ཆེན་པོ་ཞིག་གནང་པའི་རེ་བ་དང་ཡིད་ཆེས་རྩེ་གཅིག་ཏུ་བྱེད་བཞིན་ཡོད། སྤྱི་ལོ་ ༢༠༡༠ ལོའི་ ༠༨ ཚེས་ ༠༨ ཉིན།
ཁོ་བོས་༢༠༠༧་ལོར་དུས་རབས་གསར་པའི་དགོན་སྡེའི་སློབ་གསོའི་ཁ་ཕྱོགས་ལ་ཅུང་ཟད་དཔྱད་པ་ཅེས་པའི་རྩོམ་ཡིག་ཅིག་སྤེལ་ཟིན་པ་དེའི་སྙིང་དོན་གཞིར་བཞག་ཐོག་ཁ་སྣོན་ཅུང་ཙམ་བྱས་ཏེ་བྲིས་པ་ཞིག་ཡིན། གདན་སའི་སློབ་གཉེར་ཁང་ཞིག་ལ་ཕུད་བསམ་ཡང་རྐྱེན་དབང་ཞིག་གིས་ཕུད་ཐུབ་མ་སོང་བས་དྲ་ཐོག་ཏུ་བཀོད་པ་ཡིན།