༄༅། བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། རྒྱུད་བྱིན་གྱིས་རློབས་ཏུ་གསོལ།
བློ་གྲོས་མཆོག་བཟང་རལ་གྲིའི་སོ་ཁ་ན།།
ཕྲ་རགས་ཤེས་བྱ་མང་མའི་སྐེད་པ་བཞིན།།
བལྟས་པ་ཙམ་གྱིས་གཅོད་པའི་ངང་ཚུལ་ཅན།།
ཆོས་རྗེ་སྙིང་གི་ཉི་མར་ཕྱག་འཚལ་ལོ།།
བསིལ་བའི་ཆུ་ཡང་མེ་རུ་འབར་སྙམ་པའི།།
ཨ་རབ་རྒྱ་མཚོའི་འགྲམ་ཀྱི་བྱེ་ཐང་འདིར།།
བདག་ཅག་བུ་སློབ་བཏང་བ་མ་ཕོད་ནས།།
འཆད་རྩོད་རྩོམ་པས་དུས་བཞི་དལ་གྱིས་འཕུལ།།
མཐའ་དང་མུ་མེད་དག་པའི་གདུལ་བྱའི་ཆེད།།
དེ་རིང་དུང་ཟླའི་ཟོལ་གྱིས་གཤེགས་པ་ན།།
མིག་ཀོང་མཆིལ་མའི་རྒྱ་མཚོ་འཁྱིལ་དང་ལྷན།།
ཁྱོད་ཀྱི་མཛད་བཟང་ཟབ་མོ་ཁ་ནས་ལུད།།
དཔལ་གྱི་ནཱ་ལཎྜ་ཡི་ཆོས་སྡེ་འདིར།།
མཁས་དང་གྲུབ་པའི་ཕ་ས་མ་མཁར་སྟེ།།
གྲི་མདུང་སོ་བཞིན་གཅིག་ལས་གཅིག་གཟེ་བས།།
མཁན་དང་ཁྲི་པ་ཡེ་ཤེས་དབྱིངས་ནས་གནང༌།།
འོན་ཀྱང་མཁན་པོའི་ཚོགས་ན་མཁན་པོ་དང༌།།
ཁྱོད་ནི་ཁྲི་པའི་དབུས་ནའང་ཁྲི་པ་འདི།།
སྐྱེས་སྦྱངས་རྣམ་པར་དཔྱོད་པའི་རིགས་འཕྲུལ་གྱིས།།
ལྷ་ཡིས་མ་བསྐོས་ཁྱོད་ཉིད་ངང་གིས་དེངས།།
ས་ལུ་འབྲས་དཀར་སྤུངས་པའི་ནགས་ཁྲོད་འདིར།།
ལུང་རིགས་སྦར་ཁྱིམ་མཐོ་བའི་སྟག་སེང་ཁྱུ།།
རང་ལུགས་གྲུབ་མཐའི་འཛུམ་དྲུག་ངོམས་པ་ལས།།
སྡེར་ཆགས་གཞན་ལ་ལྟོས་པ་མེད་པའི་དུས།།
འདུལ་བའི་གསོ་སྦྱོང་དེ་རིང་ཡིན་པའི་དུས།།
མཁན་པོས་གཎྜི་སང་ཉིན་བརྡུང་པའི་དུས།།
མཁས་པས་མཁས་པའི་བཙན་རྫོང་བཟུང་བའི་དུས།།
རྟགས་དང་རྒྱུ་མཚན་བམ་ཁ་འཐུག་པའི་དུས།།
དང་རིགས་པ་མངོན་སུམ་འགལ་བ་སྟེ།།
ཁྱོད་ཀྱིས་གནོད་པ་གསུམ་གྱི་གཡུལ་བཤམས་པས།།
ལོག་རྟོག་མུན་པའི་བུ་ཆུང་གནས་འཆའ་བའི།།
ཁས་བླངས་བྱེ་བ་ཕྲག་བརྒྱའི་སོ་ཁ་བསྙིལ།།
ཉི་མའི་འོད་ན་སྲིན་འབུ་མེ་ཁྱེར་བཞིན།།
ཁྱོད་ལ་གཞན་གྱིས་བརྫི་བ་མ་ནུས་པས།།
ཆུ་མ་ཞིང་ལ་རླུང་བུས་བཏབ་པ་བཞིན།།
མཁས་དགུ་སྙེམས་པའི་མགོ་བོ་ཁྱོད་ལ་དུད།།
མཉམ་མེད་དགེ་ལྡན་སྙན་རྒྱུད་གསེར་སྦྱངས་ཁམས།།
ལྷ་འདྲེ་མཆོད་པའི་བཙའ་ཡིས་ཟིན་པའི་ཚེ།།
གཏན་ཚིགས་དངུལ་ཆུས་ཡང་ཡང་བཀྲུས་པས་ན།།
ཡབ་རྗེ་བླ་མའི་བསྟན་པ་སྲིད་མཐར་བསྲིངས།།
ཡ་གི་རྒྱལ་པོའི་སྲོག་གཏད་ཁྱོད་ལ་མེད།།
མ་གི་འབྱུང་པོའི་ཨར་གཏད་ཁྱོད་ལ་མེད།།
ལྷ་དང་འདྲེ་མཐོང་ཟོབ་རྫུན་ཁྱོད་ལ་མེད།།
སྡེ་སྣོད་གསུམ་གྱི་རྒྱ་ལས་འདའ་བ་མེད།།
དེས་ན་བཤད་དང་སྒྲུབ་པའི་བསྟི་གནས་འདིར།།
ཞི་བསིལ་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་པའི།།
བར་དུ་གཅོད་པའི་རང་གཞན་གཉིས་ཕུང་ལས།།
ལྷ་རྒོལ་འདྲེ་མཆོད་ཡོ་ལངས་མིང་ཙམ་མེད།།
མཁན་བླ་དགེ་བཤེས་གླིང་ཕྲན་ཉུལ་བའི་དུས།།
མི་བུའི་རིན་ཐང་རླུང་གིས་ཁུར་བའི་དུས།།
དགེ་སློང་ཟུང་འཇུག་སྒོར་མོས་འབྲུ་བའི་དུས།།
ལྷུན་པོ་བཞིན་དུ་སྡེ་འདིའི་རྒྱན་དུ་བཞུགས།།
འཆད་པས་སྡེ་སྣོད་གསུམ་གྱི་དཀའ་གནད་དཀྲོལ།།
རྩོད་པས་ཆོས་མིན་དཔུང་ཚོགས་ཐལ་བར་བརླགས།།
རྩོམ་པས་སྙན་རྒྱུད་བསྟན་པ་བྱི་དོར་མཛད།།
འཆད་རྩོད་རྩོམ་པས་གསེར་ཁྲིའི་གོང་བ་མནན།།
ཁྲི་ཐོག་འགྱིངས་པའི་ཁྲི་པ་མང་ན་ཡང༌།།
ཁྲི་པའི་མཛད་པ་སྐྱོངས་པ་ཤིན་ཏུ་ཉུང༌།།
ཁྲི་ཐོག་བརྒྱ་པ་ཆོས་རྗེ་ཁྱོད་ཉིད་ནི།།
ཁྲི་པ་བརྒྱ་ཡི་ཡོན་ཏན་ཡོངས་སུ་རྫོགས།།
རང་ཉིད་རློམ་པའི་ང་རྒྱལ་གོམས་འགྲོས་ཀྱིས།།
དབུགས་ཀྱང་རྒྱུ་བ་དཀའ་བའི་མཁས་རློམས་འགའ།།
མངོན་བརྗིད་ཁྱོད་ཀྱི་དྲུང་དུ་ལྷགས་པ་ན།།
ཆོས་འབྲེལ་ཞིག་ཞེས་མིག་ཟུང་ཐུར་དུ་ལྷུངས༌།།
འཇམ་མགོན་བླ་མའི་རིང་ལུགས་རྒྱལ་མཚན་ཆེ།།
འཇིགས་མེད་དཔུང་པས་འཛིན་ལ་མཐུ་ཐོབ་པའི།།
ཕྱི་ནང་བར་གཅོད་ཀུན་ལས་རབ་རྒྱལ་ནས།།
རབ་ཡངས་སྲིད་པའི་རྩེ་མོ་ཁྱོད་ཀྱིས་བསྒྲེངས།།
རྒྱལ་བསྟན་སྲོག་གི་སྙིང་པོ་བསྲུང་བའི་ཕྱིར།།
ཕྱི་ནང་གསང་བའི་རྣམ་ཐར་རགས་ཙམ་ལས།།
གུས་འབངས་བདག་ཅག་བརྩེ་བས་གཟིགས་ཚུལ་སོགས།།
བཤད་ན་མིག་ཆུ་ལྷན་དུ་རྫོགས་པ་མེད།།
དེ་ལྟར་ཁྱོད་ཀྱི་འཕྲིན་ལས་ཆུ་རྡུལ་གྲངས།།
མཐའ་དག་བརྗོད་པར་རྔོ་མི་ཐོགས་ན་ཡང༌།།
སྙན་ཚིག་ཁ་ཡི་པད་མོ་དོན་ཡོད་དང༌།།
རང་ཉིད་དད་པའི་གསོས་ཕྱིར་ཚིགས་སུ་བསྡེབས།། །།
བོད་རྒྱལ་ལོ་༢༡༣༥ བོད་ཟླ་༧ པའི་ཚེས་༡༤པ་ཕྱི་ལོ་༢༠༠༨ཟླ་༩པའི་ཚེས་༡༤ ཉིན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་པ་ཆོས་རྗེ་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་ཉི་མ་དཔལ་བཟང་པོ་དེ་ཉིད་ཞིང་གཞན་དུ་དགོངས་པ་གཏད་སྐབས་སུ་དཔལ་ལྡན་བླ་མ་དམ་པ་གང་གི་ཞབས་རྡུལ་སྤྱི་བོས་ལེན་པ་བཙུན་པའི་གཟུགས་བརྙན་ཅན་དེས་བླ་མའི་མཁྱེན་བརྩེ་ནུས་པའི་ཡོན་ཏན་རྣམས་དྲན་པའི་སྒོ་ནས་དད་འདུན་ཆེན་པོས་རང་ཤག་ཏུ་བྲིས།། ༢༠༠༨། ༩ །༡༤ ཉིན།
མི་རྐང་གླིང་བུ་ལགས། ཟིན་བྲིས་སུ་ཕེབས་པར་དགའ་བསུ་ཞུ། ཕྱིས་སུ་ཡང་ཡང་ཕེབས་རོགས།