བེ་རི་འཇིགས་མེད།
སྤྱི་དང་བྱེ་བྲག་ཆོས་ཀུན་གསལ་ལེར་གཟིགས།།
ཆོས་དང་ཆོས་མིན་རྣམ་པར་འབྱེད་ཅིང་བསལ།།
བྱོན་དང་འབྱོན་འགྱུར་རྣམ་འདྲེན་ཀུན་གྱི་གཙོ།།
སྲིད་དང་ཞི་བའི་མགོན་པོ་ཟས་གཙང་སྲས།།
རྣམ་དག་ཆོས་དབྱིངས་གདོད་མའི་ཕ་མཁར་ནས།།
རྣམ་གསུམ་མཁྱེན་པའི་བཞོན་རླུང་ཤར་བའི་ལྷ།།
རྣམ་དག་མཚན་དཔེས་རབ་མཛེས་འཇམ་དཔལ་དབྱངས།།
རྣམ་ཀུན་སྤྱི་བོའི་གཙུག་གི་རྒྱན་དུ་མཆོད།།
ཀ་དག་གནས་ལུགས་སྒྲོ་འདོགས་མ་ཆད་པར།།
ཁ་རྐྱང་སྐམ་པོས་མི་ཚེ་མཐར་སྐྱེལ་ཏེ།།
ག་ལེར་བཏགས་པའི་མིང་ཙམ་ཐོབ་པ་ཡི།།
ང་རྒྱལ་མངོན་རློམ་ཅན་དེ་ཆོས་པ་མིན།།
ཅ་དངོས་མཁོ་སྒྲུབ་བྱི་བའི་འདུ་ལོང་གིས།།
ཆ་སྤྱོད་ཆོས་བརྒྱད་འབྱོར་པའི་བང་མཛོད་ནས།།
ཇ་ཐུག་སྐུ་འགྱེད་སྙན་པའི་མིང་གྲགས་ཕྱིར།།
ཉ་གའི་འདེགས་འཇོག་རྩེན་དེའང་ཆོས་པ་མིན།།
ཏ་ལའི་ཤིང་ལོ་རླུང་གིས་དེད་པ་ལྟར།།
ཐ་གྲུ་གྲོང་སྡེ་རྣམས་སུ་ཁྱི་བཞིན་དུ།།
ད་ལྟའི་ལྟོ་གོས་དོན་དུ་གྲོང་ཆོག་ལ།།
ནར་མར་རྒྱུག་པ་དེ་ཡང་ཆོས་པ་མིན།།
པ་ལོ་རལ་བའི་ཐོར་ཅོག་མགོ་ལ་བཅིངས།།
ཕ་རིའི་ཁྱིམ་བཞག་ཚུར་རིའི་རྫ་སྲུབ་ཏུ།།
བ་རྫིའི་སྒྲུང་མཁན་བྱ་བྲལ་བྱི་བའི་བུ།།
མ་རབས་སྒོམ་ཆེན་དེ་ཡང་ཆོས་པ་མིན།།
ཙཀྲ་གསུམ་གྱི་མདོ་སྔགས་དགོངས་འགྲེལ་ལ།།
ཚ་གྲང་ཁྱད་གསོད་ཐོས་བསམ་མི་བྱེད་པར།།
ཛ་ཡའི་སྲས་སུ་རློམ་པའི་ཆེར་རློམ་པ།།
ཝ་སྐྱེས་སེང་ལྤགས་ཅན་དེའང་ཆོས་པ་མིན།།
ཞྭ་དབྱིབས་རང་ལུགས་གྱོན་པ་ཤེས་ཙམ་གྱིས།།
ཟ་གོས་དོན་དུ་གང་བྱུང་མང་བྱུང་གིས།།
འ་རེ་འུ་རེར་བཀའ་ལུང་དབང་འཁྲིད་སོགས།།
ཡ་མེད་རང་དགར་བྱེད་དེའང་ཆོས་པ་མིན།།
ར་བ་གངས་ཅན་པ་ཡི་མདོ་སྔགས་ཆོས།།
ལ་ལུང་གཞན་དུ་མི་ཚེ་སྐྱེལ་བའི་ཆེད།།
ཤ་ཟིན་སྤུ་ཟིན་ཁུངས་མེད་ལུང་མེད་ཀྱིས།།
ས་བསྲེ་སྡོ་བསྲེ་བྱེད་དེའང་ཆོས་པ་མིན།།
ཧ་ལོ་དུག་འབྲས་མཚར་པའི་མེ་ཏོག་བཞིན།།
ཧ་ཅང་སེམས་རྒྱུད་རྩུབ་པའི་མཁས་རློམ་ཅན།།
ཧ་རེ་ཧོ་རེར་ཐོས་རྩོད་ལྷུར་བླངས་པའི།།
ཧ་ལས་མཁས་གྲགས་ཅན་དེའང་ཆོས་པ་མིན།།
ཨ་དོན་སྐྱེ་མེད་སྨྲ་བའི་རིགས་པའི་འཕྲུལ།།
ཨཱརྱ་དེ་བའི་དཔལ་ལ་འགྲན་བཟོད་ཅིང༌།།
ཨ་ཅརྱ་ཡི་སྙན་པའི་མིང་ལྡན་ཡང༌།།
ཨ་རེ་ཉམས་ལེན་མེད་ན་ཆོས་པ་མིན།།
ཨ་མཆོད་ཆོས་ཀློག་ནེ་ཙོའི་མ་ཎི་ཡིས།།
ཨ་འཐས་མི་ཚེ་ཕུད་ཐབས་མི་བྱེད་པར།།
ཨ་དོན་མཁས་པའི་བཤེས་ལ་བསམ་སྦྱོར་གྱིས།།
ཨ་མ་བཞིན་དུ་སྟེན་དེ་ཆོས་པ་ཡིན།།
ཧ་ཅང་རྙེད་དཀའི་དལ་བྱོར་རྟེན་བཟང་པོ།།
ཧ་ཧ་ཧོ་ཧོ་ངང་དུ་མི་སྐྱེལ་བར།།
ཧ་ལོའི་དུག་དང་འདྲ་བའི་འཁོར་བ་ལས།།
ཧ་རེར་ཐར་ཐབས་བྱེད་དེ་ཆོས་པ་ཡིན།།
ས་འོག་ས་སྟེང་ས་བླར་གནས་པ་ཡི།།
ཤ་ཚ་སྙིང་རྗེའི་སྤྱོད་ཡུལ་ལུས་ཅན་ཀུན།།
ལ་འུར་འཁོར་བའི་མཚོ་ལས་སྒྲོལ་བའི་ཕྱིར།།
རྭ་འཁྱོག་སེམས་རྒྱུད་སྲོང་ན་ཆོས་པ་ཡིན།།
ཡ་རབས་ཕྱི་སྤྱོད་ཉེ་བར་འཁོར་བཞིན་དུལ།།
འ་འུར་སྐྱེས་སྦྱངས་ཤཱ་རིའི་བུ་ལྟར་འབར།།
ཟ་འོག་ཞྭ་བཀྲ་ལྷམ་མཛེས་མི་དགོས་པར།།
ཞྭ་གོས་ཆོག་ཤེས་སྤྱོད་ན་ཆོས་པ་ཡིན།།
ཝ་ལེར་ངེས་དོན་དཀའ་གནད་ལེགས་རྟོགས་ནས།།
ཛ་ཡའི་ལུགས་བཟང་བཤད་པས་སྤེལ་བ་དང༌།།
ཚ་གྲང་ཁྱད་བསད་སྒྲུབ་པའི་རྒྱལ་མཚན་དཔལ།།
ཙ་ཀུ་ར་ལྟར་འཛིན་ན་ཆོས་པ་ཡིན།།
མ་གྱུར་འགྲོ་བའི་སྡུག་བསྔལ་གསུམ་གྱི་ནད།།
བ་རུ་ར་སོགས་ལྷག་བསམ་བཟང་དྲུག་གི།
ཕ་རོལ་ཕྱིན་པའི་སྨན་གྱི་སྦྱོར་བ་ལ།།
པ་སངས་མདངས་ཀྱིས་མཛེས་ན་ཆོས་པ་ཡིན།།
ན་འཆིའི་གདུང་བ་རྩད་ནས་འཇོམས་པའི་ཕྱིར།།
ད་ལྟའི་མི་ཚེའི་ཆེད་དུ་མི་བྲེལ་བར།།
མཐའ་བྲལ་ལྟ་སྤྱོད་སྒོམ་པའི་ལམ་བཟང་འབུམ།།
ཏ་ལེར་ཡིད་ལ་ཤར་ན་ཆོས་པ་ཡིན།།
ཉ་ཉོག་བསྲེས་པའི་ཆོས་བརྒྱད་མ་འདྲེས་པར།།
ཇ་ཧང་མདངས་མཛེས་མིང་དོན་གཉིས་མཚུངས་ཀྱིས།།
ཆ་ལུགས་ཚངས་སྤྱོད་བྱ་བྲལ་སྤྱོད་པ་ཡིས།།
ཅ་གེ་བློས་གཏོང་ནུས་ན་ཆོས་པ་ཡིན།།
ང་འཛིན་མེད་པའི་ཆོས་ཕུག་སྤྲང་ལ་བརྟེན།།
ག་སར་མི་རྒྱུག་སྤྲང་ཕུག་ཤི་ལ་བརྟེན།།
ཁ་ཞེ་མེད་པའི་ཤི་ཕུག་བྲག་ལ་བརྟེན།།
ཀ་ཁོལ་སྙིང་ལ་བཅང་ན་ཆོས་པ་ཡིན།།
ཆོས་དང་ཆོས་མིན་འབྱེད་པའི་བློ་མིག་ཅན།།
ཆོས་ལ་རྩེ་གཅིག་སྒྲིམ་པའི་དཀའ་སྤྱོད་མཁན།།
ཆོས་ལམ་འཛུད་ནས་ཚུལ་བཞིན་སྒྲུབ་པ་ཡི།།
ཆོས་པ་དེ་དག་སུ་ཡིས་སྨད་པར་བྱེད།།
ཆོས་བཞིན་ཆོས་ཀྱི་ཚུལ་ལུགས་འབྱེད་པའི་འཕྲུལ།།
ཆོས་ཀྱི་རྗེས་འབྲངས་རིགས་པ་སྨྲ་བའི་དཔལ།།
ཆོས་ཀྱི་རྒྱལ་མཚན་འཛིན་པ་དེ་དག་ནི།།
ཆོས་ལྡན་རྒྱལ་ཁམས་མཛེས་པའི་རྒྱན་གཅིག་ཡིན།།
ཆོས་པའི་སྤྱི་ཚོགས་སྒྲིག་གི་སེང་གེའི་པགས།།
ཆོས་མིན་ལོག་པར་སྒྲུབ་པའི་ཝ་སྐྱེས་ཀྱིས།།
ཆོས་བརྒྱད་རྫི་ཡིས་མྱོས་ཏེ་གྱོན་པས་ན།།
ཆོས་དད་ཅན་རྣམས་མ་བརྟགས་སུན་སྣང་སྐྱེས།།
ཆོས་རྗེས་འབྲངས་པའི་རྣམ་དཔྱོད་མི་ལྡན་ཞིང༌།།
ཆོས་ཀྱི་གནས་ལུགས་ཚུལ་བཞིན་མི་ཤེས་པར།།
ཆོས་པའི་སྒྲིག་ཞུགས་དཀོར་ནག་དུག་ཟོན་པས།།
ཆོས་ཀྱི་སྲོལ་བཟང་སྲོག་གི་རྩ་བར་གཟན།།
ཆོས་ཚུལ་ལེགས་ཉེས་ཇི་བཞིན་མི་འབྱེད་པར།།
ཆོས་གཟུགས་སྤྱོད་ངན་འགའ་ཡི་རྒྱུ་མཚན་གྱིས།།
ཆོས་མེད་ཅོལ་ཆུང་འགའ་ཞིག་གྱ་ཚོམ་དུ།།
ཆོས་ལ་སྐུར་བའི་བབ་ཅོལ་སྨྲ་བྱེད་མོད།།
ཆོས་ལྡན་རྒྱལ་ཁབ་ཁ་བ་རི་བའི་ཞིང༌།།
ཆོས་བཞིན་སྐྱོང་བའི་སྔོན་གྱི་དམ་པ་རྣམས།།
ཆོས་སྲིད་ལུགས་གཉིས་དར་ཆེན་བསྒྲེངས་པ་ཡང༌།།
ཆོས་དང་ཆོས་པའི་གཞི་རྩའི་ལག་རྗེས་ཡིན།།
ཆོས་མིན་སྤྱོད་པ་འགའ་ཞིག་ལ་བརྟག་པའི།།
ཆོས་པའི་བླང་དོར་དྲང་པོར་ཅུང་ཞུས་པར།།
ཆོས་བརྒྱད་མངོན་རློམ་ཅན་རྣམས་ཁྲོ་འགྱུར་མོད།།
ཆོས་སེམས་ཅན་རྣམས་ཅིས་ཀྱང་དགའ་བར་རིགས།།
ཆོས་པ་ཡིན་མིན་འབྱེད་པའི་རབ་བྱེད་འདིའང༌།།
ཆོས་ལ་ཕན་པའི་ལྷག་བསམ་ལྷུར་བླངས་ཏེ།།
ཆོས་ལྡན་རྒྱལ་པོའི་འཁོར་འབངས་འཇིགས་མེད་པས།།
ཆོས་སྡེ་ཆེན་པོ་འབྲས་སྤུངས་གླིང་དུ་བྲིས།།