རྩོམ་པ་བོ། སྒོ་ཡོན་ཏན་བཟང་བོ།
ཤྰཀྱ་ཐུབ་པ་སྟོན་པ་ཉིད་དུ་མི་བརྩི་ཞིང་།།
སྤྱན་རས་གཟིགས་དབང་སྐྱབས་གནས་ཙམ་དུ་མི་བགྲང་བའི།།
རང་གི་མགོན་པོར་རང་ཉིད་འཇོག་པའི་བྱེད་ཐབས་འདི།།
རྒྱལ་བ་དམ་པས་སྔ་མོ་ཞིག་ནས་ཁོ་བོར་གདམས།།
འཇམ་པའི་དབྱངས་ལ་གཅམ་བུའི་ཚིག་གིས་མ་བསྟོད་ཅིང་།།
དབྱངས་ཅན་ལྷ་མོར་སྙན་མོའི་ངག་གིས་མ་བོས་པའི།།
མི་ཡི་འཚོ་བ་མི་ལ་བརྒྱུས་པའི་ལེགས་བཤད་འདི།།
སྙན་ངག་སྨྲ་བའི་སྐྱེ་བ་གཅིག་གི་གཏན་ཚིགས་ཉིད།།
དབང་ཕྱུག་ཆེན་མོར་དྲག་པོའི་རླབས་ཀྱིས་མ་བསྐུལ་ཞིང་།།
ཨརྱ་ཏ་རེར་ཞི་འཇམ་སྒྲ་ཡིས་མ་བསླངས་པའི།།
བརྩེ་བའི་འདུན་མ་གང་ལ་གཏད་པའི་དུངས་ཀ་འདི།།
འཇིག་རྟེན་པ་ཡི་མགོ་བོར་མཛེས་པའི་ཞྭ་མོ་ཡིན།།
ཡང་དག་གནད་ཀྱི་དོན་པོ་མཆོག་ཏུ་བཀུར་བ་དང་།།
མཁྲེགས་འཛིན་མངའ་བའི་བླ་མར་རྡོག་པས་བརྫི་བ་གཉིས།།
ཐལ་འགྱུར་མཁན་པོ་ཟླ་བ་གྲགས་པའི་བཞེད་གཞུང་དང་།།
ཁོ་བོའི་དཔྱད་ཞིབ་གཅིག་ཏུ་མཐུན་སའི་བཞི་མདོ་ལགས།།
བརྩེ་དུངས་ཅན་ལ་ཐལ་མོ་སྦྱར་བའི་གོམས་སྲོལ་དང་།།
ཚུལ་འཆོས་མཁན་ལ་སྣ་དགོད་གཏོང་བའི་ཚུགས་ཀ་དག།
སྤྲང་ཧྲུལ་སྨྱོན་པ་དགེ་ཆོས་ལགས་ཀྱི་གྲུབ་མཐའ་ལས།།
གདོད་མའི་དུས་ནས་ཁོ་བོར་ལོབས་པས་བཅོས་སུ་མེད།།
ལྟ་ཚུལ་རྙིང་བའི་ཨུ་ཚུགས་ཁོ་བོར་མ་མཆིས་ཤིང་།།
བསམ་བློ་གསར་བའི་འུར་གཏམ་ཁོ་བོར་མི་གདའ་བའི།།
ལེགས་པའི་མདུན་དུ་མཐེ་བོང་སྒྲེང་བའི་གཤིས་ཀ་འདི།།
ཐ་སྙད་ཚད་གྲུབ་སྟོང་གིས་བསྒྲུབ་ཀྱང་སྒུལ་དུ་མེད།།
ཆོས་པའི་གཟུགས་རོ་ཕྱི་རུ་མངོན་དང་མ་མངོན་མེད།།
རྟོགས་པའི་ཟབ་གནད་ནང་དུ་སྨིན་དང་མ་སྨིན་མེད།།
འདོད་པའི་ཁམས་ནས་འདོད་གཏམ་སྨྲ་བར་མི་སྤོབས་ན།།
དོན་དམ་ཁྲི་ལ་ནམ་ཡང་ཁོ་བོས་གསོལ་ནུས་མིན།།
ཡ་གི་མཁས་པས་བསྡིགས་ནས་ཕྱག་འབེབ་གནང་ཡང་རུང་།།
མ་གི་བླུན་པོས་དམོད་ནས་མཆིལ་མ་བཏབ་ན་ཡང་།།
འཁོར་བའི་གནས་ནས་མི་ཚེ་འདི་ཉིད་མ་རྫོགས་པར།།
བདེན་པའི་ངག་གིས་གནས་ལུགས་བརྗོད་པ་སྐྱག་རྫུན་མིན།།
2008.3.5 ཉིན་གསེར་ཐང་དུ་བྲིས།
འོད་ཧི་ཟིན་ལས་བཤུས།