ས་བཅད་གཉིས་པ་འཁོན་འཛིན།
ཧི་ཊི་ལར་ལ་དབང་ཆ་ཐོབ་པའི་དུས་སྐབས་དེར། ཡོ་རོབ་ཀྱི་མི་རྣམས་ཀྱི་སེམས་སུ་མི་རབས་ནས་མི་རབས་བར་ཡོ་རོབ་ཁུལ་དུ་འཚོ་གནས་བྱས་མིན་ལ་མ་ལྟོས་པར་ལྗིའུ་མི་རིགས་རྣམས་ཕྱི་གླིང་བ་ཡིན་པའི་ཚོར་སྣང་ཆེན་པོ་ཡོད། ལྗིའུ་མི་རིགས་ཚོས་བརྗོད་གསལ་ལ་ལྗིའུ་མི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་ནི་ཁན་ནན་བྱ་བའི་ཡུལ་ཏེ་དེང་སང་་ཨི་ཛི་རལ་དུ་འབོད་པ་་དེ་ཡིན་པ་དང་། ལོ་ངོ་སྟོང་ཕྲག་གི་སྔོན་དུ་དེ་ནས་ཡོ་རོབ་ཁུལ་དུ་གནས་སྤོས་བྱས་པར་བཤད། རོ་མན་གྱི་དུས་རབས་ནས་བཟུང་ལྗིའུ་མི་རིགས་གང་སར་གྱར་མགོ་ཚུགས་པ་དང་། ལྗིའུ་མི་རིགས་ཚོའི་སེམས་ནང་ལྗིའུ་ནི་མི་རིགས་བྱེ་བྲག་པ་ཞིག་དང་་དེ་ཡང་རིག་གཞུང་དང་ཆོས་ལུགས་ཀྱི་རྐྱེན་གྱི་ལྷན་དུ་ཁ་འབྱེད་ཐབས་མེད་པར་སྦྲེལ་བསྡད་ཡོད་པར་རྩིས། ཡི་ཤུའི་ཆོས་ལུགས་དར་ཁྱབ་སུ་འགྲོ་བ་དང་བསྟུན་ལྗིའུ་མི་རིགས་ལ་ཡི་ཤུ་གྷོ་དྷ་ཡི་སྲས་ཡིན་པར་ངོས་ལེན་མི་བྱས་པ་དང་། དེའི་སྟེང་ཡི་ཤུ་གསོད་མཁན་དང་ཡི་ཤུའི་ཆོས་སྣུབ་མཁན་ཡིན་པའི་མིང་རྗེས་བཟོས་སྟེ། མི་རབས་ནས་མི་རབས་ལྗིའུ་མི་རིགས་ཀྱི་སྟེང་ཆོས་ལུགས་ཀྱི་ཕྱོགས་ཞེན་གྱི་དཀྲོག་གཏམ་མང་པོ་བཟོས་མཐར། ལྗིའུ་མི་རིགས་ཀྱི་ཚོ་ཁག་ཁ་ཤས་གྲོང་ཁྱེར་གྱི་ཟུར་དུ་ལོགས་སུ་འཚོ་གནས་བྱ་དགོས་པའི་གནས་སྟངས་ཆགས།
ལུང་པ་འགའ་ཤས་སུ་ལྗིའུ་མི་རིགས་ཀྱིས་གོན་པ་མི་འདྲ་བ་གྱོན་དགོས་པ་དང་། ཡང་ན་ལྗིའུ་ཡིན་པའི་མཚོན་རྟགས་དེ་འདྲ་གོན་པའི་སྟེང་འཇོག་པའི་ཁྲིམས་བཅའ་བ་བྱུང་། དེའི་ཡི་ཤུ་སློབ་དཔོན་གྲགས་ཅན་དེ་འདྲས་་ལྗིའུ་ཟེར་བ་རྒྱལ་ཁབ་ནས་ཕྱིར་ཕུད་དགོས་པ་དང་། ལྗིའུ་ཡི་ལྷ་ཁང་ནི་འདྲེ་ཚང་མ་གཏོགས་གང་ཡང་མིན་པའི་གཏམ་བཤད་བྱས་འབྲས། ཡི་ཤུའི་རྗེས་འབྲངས་པའི་མི་དམངས་མང་པོ་ཞིག་གི་བསམ་བློའི་ནང་ལྗིའུ་མི་རིགས་ལ་མི་དགའ་བའི་འཁོན་འཛིན་ཆེན་པོ་བསྐྲུན། ཡིན་ནའང་སྐབས་ཞིག་ཡོ་རོབ་ཀྱི་ནང་འགྲོ་བ་མིའི་རིགས་མཐའ་དག་ལ་འདྲ་མཉམ་ཀྱི་བརྩི་མཐོང་དགོས་པའི་བཟང་ཕྱོགས་ཀྱི་བསམ་བློ་ཁྱེར་བཟོ་དར་བས། སྔར་སྲོལ་རང་གསོར་རྒྱུན་འཛིན་བྱེད་མཁན་གྱི་ལྗིའུ་ཕུད་ལྗིའུ་མི་རིགས་མང་པོ་ཞིག་ལ་སྤྱི་ཚོགས་སྟེང་མི་རིགས་གཞན་དང་ལྷན་དུ་གོ་སྐབས་དང་ལེན་བྱ་རྒྱུ་བྱུང་བས། ལྗིའུ་ཁྲོད་ཚན་རིགས་པ། རྩོམ་པ་པོ། དེ་བཞིན་རོལ་མོ་མཁན་སོགས་གྲགས་ཅན་གྱི་མི་སྣ་མང་པོ་བྱུང་བས། རིམ་པས་མི་རིགས་གཞན་པ་མང་པོའི་མིག་ནང་དུ་ལྗིའུ་མི་རིགས་ལ་ལྟ་བའི་ཕྲག་དོག་གི་མེ་ལྕེ་འབར།། ཕྱི་ལོ་༡༩༡༤་ལོར་འཛམ་གླིང་དམག་ཆེན་དང་པོ་ལངས། འཛམ་གླིང་དམག་ཆེན་དང་པོའི་མཇུག་འབྲས་ལ། འཇར་མན་གྱོང་གུན་ཤིན་ཏུ་ཆེན་པོ་ཕོགས་པས་འཇར་མན་གྱི་མི་མང་པོའི་་སེམས་སུ་བཟོས་པའི་རྨ་ཁ་དང་ཞེ་སྡང་གི་དྲག་རླབས་དེ་རིང་མིན་ཡོ་རོབ་ཀྱི་ཡུལ་གྲུ་ཀུན་གྱི་མྱངས་དགོས་བྱུང་།