ཐེངས་ཞིག་སྤྱང་ཀི་ལྟོགས་པ་ཞིག་ལམ་དུ་འགྲོ་སྐབས་ལུག་གི་ཁྱུ་ལས་ཆད་པའི་ལུ་གུ་ཆུང་ཆུང་ཞིག་ལམ་ཟུར་དུ་ཐུག་པ་རེད། ལུ་གུ་དེ་ཧ་ཅང་ཆུང་ཆུང་ཡོད་ཙང་སྤྱང་ཀིས་ལམ་སང་ཟ་མ་ཕོད་པར་ལུ་གུ་དེ་ལ་ཟ་དགོས་པའི་རྒྱུ་མཚན་ཞིག་བཤད་ནས་ཟ་དགོས་བསམས་པ་རེད། དེ་འདྲ་སོང་ཙང་སྤྱང་ཀི་དེས་བསམ་བློ་ཞིག་བཏང་རྗེས་ལུ་གུ་ཆུང་ཆུང་དེ་ལ། “ཝ་ཡེ་ལུ་གུ་ཆུང་ཆུང་ན་ནིང་ད་ཚོད་ཁྱེད་རང་གིས་ང་མི་ཚོགས་མང་པོའི་དཀྱིལ་ལ་ངོ་ཚ་བོ་ཞེ་འདྲ་བཟོས་སོང་།”ཟེར་ནས་ནག་ཉེས་བཙུགས་པ་རེད། ལུ་གུས་ “འོ་ཛི་སྤྱང་ཀི་ལགས་ཁྱེད་རང་དེ་འདྲ་གསུང་རྒྱུ་ཨེ་ཡོད་ན། ན་ནིང་ད་ཚོད་ང་རང་སྐྱེ་རྒྱུ་རེད་”ཅེས་ལབ། སྤྱང་ཀི་དེས་ལབ་ཡག་ཅང་མ་བྱུང་བར་བརྟེན་ “འོ་ཏག་ཏག་རེད་ཁྱེད་རང་གིས་ད་ལོ་ངའི་ཞིང་ཁའི་ནང་གི་རྩ་ཟ་སོང་།” ལབ། ལུ་གུ་ཆུང་ཆུང་གིས་ “འོ་ཛི་སྤྱང་ཀི་ལགས་དེ་འདྲ་རང་མ་གསུང་ང་ད་ལྟ་རྩ་གཞི་ནས་ཟ་རྒྱུ་ཡིན་”་ལབ། སྤྱང་ཀིས་ “ཨ་ལད་བྱས་ན་ཁྱེད་རང་གིས་ངའི་ཆུ་བཏུང་སོང་” ལབ། ཡང་ལུ་གུས་ “འོ་ཛི་སྤྱང་ཀི་ལགས་དེ་འདྲ་རྩ་བ་ཉིད་ནས་མ་གསུང་། ང་ད་ལྟར་བར་ཨ་མའི་འོ་མ་བཏུང་བ་ལས་ཆུ་རྩ་བ་ནས་འཐུང་རྒྱུ་མ་བྱུང་” ཅེས་ལབ་པས། སྤྱང་གི་དེས་རང་གི་ངོ་རིས་དངོས་སུ་བསྟན་ནས། “གང་ལྟར་ཡང། ་གང་ལྟར་ཡང་། ང་དེ་རིང་ལྟོགས་པ་སྡོད་ཀྱི་མིན་”ཅེས་ལབ་སྟེ་ལུ་གུ་ཆུང་ཆུང་དེ་བཟས་པ་རེད། དེ་འདྲ་སོང་ཙང་བཙན་པོ་དབང་ཡོད་ཅན་གྱི་མི་ལ་རྒྱུ་མཚན་བཤད་ས་ཡོད་མ་རེད་ཅེས་པ་དེ་སྒྲུང་འདིའི་ནང་དོན་རེད།སྐྱ་རེངས་རྩོམ་སྒྲིག་པས་བྲིས།
གྲོག་མ་དང་ཆ་ག་པ། (སྒྲ་སྒམ་ཅན།)
༼ཕྱི་གླིང་གི་སྒྲུང་།༽ གནའ་སྔ་མོ་དབྱར་དུས་ཤིག། ཡུལ་ཞིག་ལ་འབུ་ཆ་ག་པ་ཞིག་ཤིང་ལྡོང་ཞིག་གི་འོག གཞས་བཏང་ཞབས་བྲོ་ཁྲབ། དུས་ཚོད་སྐྱིད་པོ་བསྐྱལ་ནས་བསྡད་ཡོད། ཁོས་འབུ་གྲོག་མ་མང་པོ་ཞིག་བྲེལ་བས་ངང་ཡར་ཡར་དང་མར་མར་ལ་ཕྱིན་ནས་ཁ་ལག་གསོག་སྒྲུབ་བྱེད་བཞིན་པར་མཐོང་། ཁོས་རང་གི་ངོ་ཤེས་འབུ་གྲོག་མ་ཞིག་ལ་དཀའ་ལས་དེ་འདྲ་རྒྱབ་དགོས་མ་རེད། སྐྱིད་པོ་བྱེད་ནས་སྡོད། ལབ་པས་འབུ་གྲོག་མས། སྐྱིད་པོ་བྱེད་ནས་སྡོད་ལོང་མིན་འདུག དགུན་ཁའི་ཆེད་ཁ་ལག་གསོག་སྒྲུབ་བྱེད་དགོས་ཡོད་ཟེར། ཁྱེད་རང་ཡང་དགུན་ཁའི་ཆེད་ཁ་ལག་གསོག་སྒྲུབ་བྱེད་ན་ཡག་པོ་ཡོད་རེད་ལབ་པས། འབུ་ཆ་ག་པས་དགུན་ཁ་ཟིན་པར་ཟླ་བ་མང་པོ་ཡོད་རེད་ཟེར་ཏེ་ཁ་ལ་མ་ཉན་པར་། ཉི་མ་རྟག་པར་གཞས་བཏང་ཞབས་བྲོ་ཁྲབ་ནས་བསྡད། དེ་ནས་ཡང་དུས་ཚོད་གང་མཚམས་རྗེས་ཤིང་ལྡོང་གི་ལོ་མ་རྣམས་ཀྱི་ཁ་དོག་སེར་པོར་གྱུར་ཏེ་སྟོན་ཀ་ཤར། འབུ་གྲོག་མ་རྣམས་ཁ་ལག་གསོག་སྒྲུབ་བྱེད་པར་སྔར་ལས་བྲེལ་བ་ཆེ་རུ་གྱུར། འོན་ཀྱང་འབུ་ཆ་ག་པ་ནི་སྔར་བཞིན་སྐྱིད་པོ་བྱས་ཏེ་ཉི་མ་སྤྲོས་ནས་སྡོད་ཡོད། འབུ་ཆ་ག་པའི་གྲོགས་པོ་འབུ་གྲོག་མས། འབུ་ཆ་ག་པ་ལ། ད་ཁ་ལག་གསོག་སྒྲུབ་མ་བྱེད་ན་དགུན་ཁ་བསླེབ་ལ་ཉེ་བར་འདུག་བཅས་ཤ་ཚ་བའི་གཏམ་མང་པོ་སྨྲས་ཀྱང་འབུ་ཆ་ག་པས་སྣང་མེད་བཏང་སྟེ་སྔ་བཞིན་སྐྱིད་པོར་བྱེད་ནས་བསྡད་དོ།།
(མཚར་གཏམ།) བྱ་དེ་དང་སྦྱིན་བདག་འདོད་རྔམས་ཅན།
ཐེངས་ཞིག་སྦྱིན་བདག་འདོད་རྔམས་ཞིག་གིས་བྱ་ཚང་ཞིག་གི་ནང་བྱ་དེ་མང་པོ་ཞིག་སྒོ་ངའི་ཆེད་དུ་གསོ་སྐྱོང་བྱེད་ཀྱི་ཡོད། བྱ་ཚང་དེའི་བྱ་དེ་ཚང་མས་ཉིན་མ་རེར་རེར་སྒོ་ང་རེ་རེ་བཏང་གི་ཡོད། ཡིན་ན་ཡང་འདིས་སྦྱིན་བདག་འདོད་རྔམས་ཅན་དེའི་འདོད་པ་རྩ་བ་ནས་བསྐོང་ཐུབ་ཀྱི་མེད། དེ་འདྲ་སོང་ཙང་ཉི་མ་ཞིག་སྦྱིན་བདག་འདོད་རྔམས་ཅན་དེ་ཁོང་ཁྲོ་ཟ་ཐག་ཆོད་དེ་བྱ་ཚང་ནང་ཧར་གྱིས་འཛུལ་ཡོང་ནས། “བྱ་དེ་ཚང་མ་ཉོན་ཅིག སང་ཉིན་ནས་བཟུང་བྱ་དེ་ཚང་མས་ཉི་མ་རེ་ལ་སྒོ་ང་གཉིས་གཉིས་གཏོང་དགོས་ཀྱི་ཡོད། གལ་སྲིད་སུས་སྒོ་ང་གཅིག་མ་ཏོག་བཏང་མེད་པ་ཡིན་ན། དེ་ནས་ངས་དེ་ཟིན་ནས་བྱ་ཤའི་ཐུག་པ་སྐོལ་གྱི་ཡིན་”ཅེས་ལབ་པ་རེད། དེ་ནས་སང་ཉིན་ཞོགས་པ་སྦྱིན་བདག་འདོད་རྔམས་ཅན་དེ་སྔ་པོ་ནས་ཡར་ལངས་སྟེ་བྱ་ཚང་ནང་ལྟ་བར་འགྲོ་སྐབས། བྱ་དེ་ཚང་མས་སྒོ་ང་གཉིས་གཉིས་བཏང་ནས་བསྡད་ཡོད། ཡིན་ན་ཡང་བྱ་དེ་གཅིག་གིས་སྒོ་ང་གཅིག་མ་གཏོགས་བཏང་མེད་པ་རེད། སྦྱིན་བདག་འདོད་རྔམས་ཅན་དེ་ཁོང་ཁྲོ་ཟ་ཐག་ཆོད་དེ་བྱ་དེ་གཅིག་པུ་དེ་ལ་མིག་ཆེན་པོ་ཞིག་བལྟས་ཏེ། “ད་ཁྱེད་རང་ག་རེ་བྱེད་ཀ། བོད་ཐུག་བཟོ་ཀ ཡང་ན་རྒྱ་ཐུག་བཟོ་ཀ་”ཞེས་དྲིས་པར། བྱ་དེ་དེས་ཀྱང་་སྦྱིན་བདག་དེ་ལ་ཡར་མིག་ཆེན་པོ་ཞིག་བལྟས་ནས་ཡར་བརྗོད་དོན། “ཁྱེད་རང་གིས་ཁ་སང་ཞེ་སྣང་ཞེ་དྲག་བསྐུལ་ཙང་། མདང་དགོང་ངས་དཀའ་ལས་ཤུགས་ཆེན་རྒྱབ་ནས་དེ་རངས་སྔ་དྲོ་སྒོ་ང་གཅིག་བཏང་ཐུབ་ཙམ་བྱུང་། མ་གཞི་བྱས་ན་ང་རང་བྱ་ཕོ་ཡིན།”ཅེས་བརྗོད་པ་རེད།།
ཝོ་ཌེ་ནང་བོད་ཡིག་སྤྱོད་དུས་གལ་གནས་ཆེ་བའི་གནས་དོན་གཉིས། Tibetan in microsoft Words 2016 Ms ཀུ་ཤུ་རྟགས་ཅན། Apple or Mac
Tibetan, Ms, Words,