བསྟན་འཛིན་ཤེས་རབ། མྱུ་གུ་ཕོན་པོ་ཞིག་ལྗང་མདོག་འཁྱིལ་ལེར་སྐྱེས་སོང་།གཤོག་པ་སྡེབ་བཞིན་པའི་བྱེའུ་ཆུང་དེས་མགྲིན་པ་སངས་བཞིན།རི་བོའི་ཕ་རོལ་ཏུ་འགྲོ་འདོད་ཟེར།རི་བོའི་ཕ་རོལ་ན་ཅི་ཞིག་ཡོད་དམ། ནམ་ཡང་ཡིད་ཆེས་ཀྱིས་འདྲོངས་པའི་མི་ཨང་།སྐྱོ་བ་དེ་སེམས་ཀྱི་ཕྱི་རོལ་ཏུ་འདེད་རོགས།ཕུགས་བསམ་ལ་མཚོན་རྩིས་ཤན་ནམ།ཁྱོད་ལ་མངོན་གྱིན་པའི་ཁང་མིག་གསོར་མོ་དང་།མེ་དྲོད་ཀྱི་སོས་བཞིན་པའི་སེམས་ཁམས་དྭངས་མོ་དེ་དགནུབ་ཕྱོགས་ན་ལྡང་བའི་དྲི་ངད་དང་སྦྲེལ་ཐབས་མི་འདུག སེམས་པ་དེ་རྣལ་དུ་འབེབས་རོགས།ལམ་ཕྲན་ཉིས་ཚེབ་དེར་མིག་གིས་འཚོ་རོགས། ཕྱི་རོལ་ན་རྒྱུ་བའི་རླུང་བུ་དེ་སེར་བོ་རེད། ནག་པོ་རེད། དཀར་བོ་རེད། སུ་ཞིག་གིས་ཁྱོད་ལ་དྲོད་འཇམ་གྱི་ཕྱག་ཟུང་བརྐྱང་སྲིད་དམ།ཡང་མིན་ན་ཁྱོད་ཀྱིས་ཁ་སང་གི་ངོ་གདོང་ལ་ལྟ་རོགས།ཕྲག་གོང་ན་ལྗིད་ཏིག་གེར་ཡོད་པ་དེ་ཕ་རོལ་ཀྱི་འདོད་རྔམ་རེད། སེམས་ངལ་གྱི་ཁུར་བོ་ཅི་ཙམ་ཁུར་ཟིན།དལ་ཅག་གེར་བཞུད་ཟིན་པ་དེ་ཁྱེད་ཀྱི་ཚེ་སྲོག་རེད།ཕ་གའི་ཉིན་ཁ་ནས་དྲོད་ཁོལ་ཅི་ཙམ་བསྐྱལ་བྱུང་། རི་བོའི་ཕ་རོལ་ཀྱི་སེམས་ལྗོངས་དེ་ཕྱིར་ལ་གཤོལ་ཅིགམཛེས་སྡུག་དང་གསོན་ཉམས་ཐམས་ཅད་འཁྲུལ་སྣང་རེད།དུས་ཚོད་ཀྱི་ལོང་བུ་དེར་དམ་གྱིས་འཐོམས་དང་།ཟུངས་ཁྲག་གི་བཞུར་རྒྱུན་ཐམས་ཅད་ཡུན་གྱིས་ཟད་འགྲོ།མིག་མདུན་གྱི་མུ་ཏིག་དེ་དག་ལག་པས་སྒྲུག་རོགས།འགྱིག་རྡེའུ་ཕྲ་བོ་དེ་རྡོག་པས་བརྫི་རོགས།ལྗང་མདོག་གི་མྱུག་ཕྲན་དེ་དག་ལྷོད་ཀྱིས་འཇོག་རོགས། རི་བོའི་ཕ་རོལ་ན་གསོལ་སྟོན་གྱི་འདུ་འགོད་བསྡུ་བཞིན་འདུགསྲེད་པ་སློང་བྱེད་ཅིག་དང་འདྲ་བའི་ལག་པའི་ཕྱག་རྒྱ་དེ་ཚོ།རྫིང་བུའི་ངོགས་སུ་བྲིས་པའི་ཡི་གེའི་འཆིང་རྒྱ་བཞིན།ཡུད་ཙམ་ཡུད་ཙམ་ངང་ནུབ་སོང་།ཁོད་ཀྱི་མགོ་ཐོག་ན། གས་འཐོར་དུ་སོང་བའི་ཟླ་བ་ཞིག་ལྗིད་ཏིག་གེར་བགྲད་འདུག བསིལ་རླུང་འཇམ་པོ་ཞིག་གིས་ཁྱོད་ལ་རེག་འོས་སམ།ཕ་རོལ་ནས་ཁྱོད་ལ་ད་དུང་རྨི་ལམ་རྨི་སྟངས་ཤིག་འཆད་བཞིན་འདུགའབོར་གྱིན་པའི་ཁྱོད་ཀྱི་རྒྱང་ཤེལ་དེ་ཨང་།མྱོང་སྣང་དང་ཚོར་བའི་བར་ནས་ཇི་ལྟར་ཉར་ཚགས་བྱེད་དམ། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
ཕྱི་དང་ནང་གི་ཚན་རིག། ༡
དུས་སྐབས་དང་མཐུན་པའི་ནང་ཆོས་དང་ཚན་རིག་དཔྱད་བསྡུར་བྱེད་པའི་དགོས་པ་དང་བྱ་ཐབས། ༡ ཚན་རིག་ཀྱི་ངོ་བོ་དང་དགོས་པ།ཚན་རིག་ནི་ྋགོང་ས་མཆོག་གིས་གསུངས་པ་བཞིན་གཙོ་བོ་གཟུགས་ཅན་དང་འཛམ་གླིང་འདིའི་ཐད་བརྟག་ཞིབ་བྱས་པའི་སློབ་ཚན་ཞིག་ཡིན། དེ་ཡང་གཟུགས་ཅན་གྱི་དངོས་པོ་མཐའ་དག་ལ་བགྲངས་རྩིས་ཀྱིས་དཔྱད་པ་བྱས་པ་ལས་བསྒྲུབ་བྱ་ཞིག་གྲུབ་པར་འཇོག་པ་ཡིན། དེ་ལྟ་བུའི་དཔྱད་པ་བྱས་སྟོབས་ཀྱིས་དངོས་པོའི་གནས་ཚོད་གང་ཞིག་ཤེས་པ་དང༌། དེས་འཛམ་གླིང་འདིའི་སྟེང་གི་མི་མང་ལ་མཁོ་བ་གང་ཞིག་བཟོ་ཐུབ་མིན་སོགས་བསམ་བློ་བཏང་བ་ཡིན་པས། ཚན་རིག་དགོས་པ་ནི་འཛམ་གླིང་འདིའི་མི་ཚོའི་འདོད་པ་བསྐང་རྒྱུ་དང༌། དཀའ་ངལ་རགས་པ་དེ་ཚོ་བསལ་ནས་སྟབས་བདེ་རུ་གཏོང་དེ་རྒྱུ་ཡིན།༢ ནང་ཆོས་ཀྱི་ངོ་བོ་དང་དགོས་པ།ནང་ཆོས་ནི་ཕྱིའི་གཟུགས་ཅན་གྱི་གནས་ཚོད་ལ་གཙོ་བོ་མི་དཔྱད་པར་ནང་སེམས་ཀྱི་འཛིན་སྟངས་ལ་དཔྱད་ནས། དེ་ལྟར་འཛིན་པ་ནི་ལོག་པར་ཤེས་པའམ་འཁྲུལ་བ་ཡིན། འདི་ལྟར་ཤེས་པ་ནི་ཡང་དག་པར་ཤེས་པ་ཡིན་པས་མ་འཁྲུལ་བ་ཡིན་ན། བློ་འཁྲུལ་བའི་བཟུང་བ་ལྟར་འཛིན་ཅིང་ཞེན་པ་ལས་ལས་བཟང་ངན་སྣ་ཚོགས་བསགས་པ་ལས་འབྲས་བུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་མོར་ཡང་སྐྱེ་ཡང་ཤི་སྟེ་རྒྱུན་ཆད་མེད་པར་འཁོར། བློ་མ་འཁྲུལ་བའི་བཟུང་བ་ལྟར་འཛིན་ཅིང་བསྒོམས་པ་ལས་དེ་དག་ལྡོག་ནས་ལས་ཉོན་གྱི་སྐྱེ་མཆི་བྲལ་བའི་ཐར་པ་མྱང་ངན་ལས་འདས་པ་ཐོབ་པས། དེ་ལྟར་ཐར་པ་མྱང་ངན་ལས་འདས་པ་ཐོབ་བྱེད་དེ་ལ་ནང་ཆོས་དང༌། དེ་ལྟར་ཐོབ་པ་ལ་བློ་མ་འཁྲུལ་བའི་འཛིན་སྟངས་གཏན་ལ་ཕབ་བྱེད་ཀྱི་རིགས་པའི་ལམ་ལུགས་ལ་ནང་པའི་གྲུབ་མཐའ་བརྗོད་པ་ཡིན། དེས་ན་ནང་ཆོས་ཀྱི་དགོས་པ་ནི་སྣོད་ཀྱི་འཇིག་རྟེན་འཛམ་གླིང་འདི་དང་བཅུད་ཀྱི་འགྲོ་བ་མི་ཙམ་དུ་མ་ཟད་པའི་འགྲོ་བ་སྲོག་དང་ལྡན་ཚད་ཀྱི་གཏན་གྱི་འདུན་མ་བསྒྲུབ་རྒྱུ་ཡིན་ཞིང༌། དེ་ཡང་གནས་སྐབས་ཚེ་ཕྱི་མ་དུད་འགྲོ་དང་ཡེ་དྭགས་ལྟ་བུ་ངན་འགྲོར་མི་ལྟུང་བར་བདེ་འགྲོ་ལྷ་མིའི་སྐྱེ་བ་བརྒྱུད་ནས་མཐར་ཐར་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་རྒྱུ་ཡིན། ༣ ཚན་རིག་དང་ནང་ཆོས་ཀྱི་མཐུན་ས།ནང་ཆོས་དང་ཚན་རིག་གཉིས་ཀྱི་མཐུན་ས་ཆེ་ཤོས་ནི། གཉིས་ཀའི་ལུང་ཙམ་གྱི་རྗེས་སུ་མ་འབྲངས་པར་མ་འཆོལ་བའི་རིགས་པའི་ལམ་ནས་དངོས་པོའི་གནས་སྟངས་གཏན་ལ་ཕབ་དགོས་པར་འདོད་པ་དེ་ཡིན་ཞིང༌། དེ་ཡང་ནང་པ་སངས་རྒྱས་པར་མཚོན་ན་དངོས་པོའི་གནས་སྟངས་འདོད་ཚུལ་མི་འདྲ་བའི་རྐྱེན་གྱི་རྩ་བའི་གྲུབ་མཐའ་བཞི་དང་ནང་གསེས་ཀྱི་གྲུབ་མཐའ་རྣམས་བྱུང་བ་ཡིན། དེ་བཞིན་ནང་པའི་རྡུལ་ཕྲན་ཆ་མེད་འགོག་པ་དང་ཚན་རིག་པས་ཆེ་ཤེལ་གྱི་མི་འདང་བས་རྡུལ་ཕྲན་གྱི་ཆུང་མཐའ་ད་དུང་བརྗོད་མི་ཐུབ་པར་བཤད་པ་རྣམས་མཐུན་ལ། ལྷག་པར་དེང་དུས་ཁོན་ཏོམ་(Quantum physics)ཚན་རིག་སྨྲ་བ་དང་ནང་པའི་བར་དངོས་པོ་མཐའ་དག་བརྟེན་ནས་འབྱུང་བར་འདོད་ཚུལ་བའི་ཚུལ་ལ་མཐུན་པོ་བྱུང་བ་ཡིན། ༤ ཚན་རིག་དང་ནང་ཆོས་ཀྱི་མི་མཐུན་ས།ཚན་རིག་དང་ནང་ཆོས་གཉིས་ཀྱི་མི་མཐུན་ས་ནི། སྐྱེ་བ་སྔ་ཕྱི་དང༌། ཉོན་མོངས་གཏན་ཟད་ཀྱི་ཐར་པ། ལས། རྣམ་པར་ཤེས་པ་སོགས་ཚན་རིག་པས་མ་འདོད་ཅིང༌། ཡང་འགྲོ་བ་རྣམས་ཕ་མའི་གཟུགས་ཙམ་ལས་སྐྱེ་བ། ཀླད་པའི་ཆ་ཤས་ཀྱི་ཤེས་པ། དངོས་པོ་ཀུན་ཐོག་མཐའ་གཟུགས་ཅན་ལ་ཐུག་པ་སོགས་ནང་པ་སངས་རྒྱས་པས་མི་འདོད་པ་དང། གཉིས་ཀས་སྲོག་ཡོད་མེད་ཀྱི་འཇོག་མཚམས་ལ་མི་མཐུན་པར་སེམས། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
དབྱངས་ཅན་ལྷ་མོ།
རབ་ཡངས་གླིང་འདིའི་ང་རོ་ཐ་དག་གཅིག་ཏུ་འདུས་ནས་འགྲན་པས་ཀྱང་།།རབ་སྙན་ཁྱེད་གསུང་ཆ་ཙམ་མི་བཟོད་སྙན་འཇེབས་རྡུལ་སྙེད་དཔལ་ལྡན་པ།།རབ་རྒྱས་མྱོས་བུམ་ཟུང་གི་མདུན་ནས་རྒྱུད་མངས་སྦྲེང་པའི་ཚུལ་འཛིན་མ།།རབ་དཀར་དབྱངས་ཅན་ལྷ་མོའི་སྐུ་ཡི་འོད་རླབས་དེ་ཡིས་བདག་ཡིད་འཕྲོག། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
ཡོན་ཆབ་འབུལ་ཚུལ།
ར་ས་ཕོ་ཉ། ཇོ་བོ་རྗེ་དཔལྡན་ཨ་ཏི་ཤའི་ཞལ་ནས། བོད་ཀྱི་ཆུ་འདི་ཐམས་ཅད་ཡན་ལག་བརྒྱད་ལྡན་ཡིན་པས་བོད་ན་མཆོད་པ་ཡོན་ཆབ་གཅིག་པུས་ཆོག་པར་འདུག་ཞེས་གསུངས་པས། ངེད་ཅག་བོད་ཀྱི་ཆུ་འདིས་ཡོན་ཆབ་ཕུལ་ན་ཕན་ཡོན་ཤིན་ཏུ་ཆེན་པོ་འབྱུང་རྒྱུ་གདོན་མི་ཟ་བས་ད་ལན་ཡོན་ཆབ་འབུལ་ཚུལ་གྱི་སྐོར་ཞིག་བརྗོད་ན། ༡༽ ཕུལ་བྱའི་རྫས་ཆུའི་ཡོན་ཏན།གང་ཕུལ་བར་བྱ་བའི་ཆུ་ལ་འབྱུང་ན་ཡན་ལག་བརྒྱད་ལྡན་ཉིད་བཟང་བ་ཡིན་ཏེ། ཡན་ལག་བརྒྱད་ནི།མཆིམས་འཇམ་པའི་དབྱངས་ཀྱིས།བསིལ་དང་ཞིམ་དང་ཡང་བ་དང་།།འཇམ་དང་དྭངས་དང་དྲི་ང་མེད།།འཐུང་ན་མགྲིན་དང་ལྟོ་བ་ལ།།མི་གནོད་ཡན་ལག་བརྒྱད་ལྡན་ཆུ།།ཞེས་གསུངས་པ་ལྟར་ཡིན། གལ་ཏེ་མི་འབྱུང་ན་རྒྱུན་ལྡན་སོ་སོའི་འཐུང་རྒྱུའི་ཆུས་ཕུལ་ནའང་མ་འགྲིགས་པ་མེད། ༢༽ ཕུལ་བྱེད་གང་ཟག་གི་ཀུན་སློང་བཅོས་ཚུལ།མགོན་པོ་ཀླུ་གྲུབ་ཀྱིས།འདོད་ཆགས་ཞེ་སྡང་གཏི་མུག་གསུམ།།དེས་བསྐྱེད་ལས་ནི་མི་དགེ་བ།།མ་ཆགས་མི་སྡང་གཏི་མུག་མེད།།དེས་བསྐྱེད་ལས་ནི་དགེ་བའོ།།ཞེས་གསུངས་པ་ལྟར་ཐོག་མར་དགེ་བའི་སེམས་དཔེར་ན། མ་སེམས་ཅན་ཀུན་གྱི་དོན་དུ་ངས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་བ་ལ་ཐོག་མར་ཚོགས་གསོག་པའི་ཕྱིར་དཀོན་མཆོག་མཆོད་པར་བགྱིའོ་སྙམ་པའི་ཀུན་ནས་སློང་ན། དངོས་གཞི་ཡོན་ཆབ་ཕུལ་བའི་ལས་ཐམས་ཅད་དགེ་བར་གྱུར་ཏེ། ཇོ་བོ་ཆེན་པོས་ཀྱང་། རྩ་བ་སྨན་ཡིན་ན་ཡལ་ཁ་དང་ལོ་མ་ཡང་སྨན་དུ་སོང་ཞེས་གསུངས་སོ།། ༣༽ ཚུལ་ཇི་ལྟར་འབུལ་བའི་ཚུལ།དང་པོ་༼མཆོད་སྟན་ཐིང་དེ་ནས་༽ཏིང་རྣམས་ཕྱིས། དེ་ནས་ཏིང་རྣམས་བརྩེགས་ཏེ་ཏིང་སྟེང་མ་དེའི་ནང་ཆུ་ཅུང་ཟད་བླུགས། ཨོཾ་ཨཿ་ཧཱུྂ་ཞེས་བརྗོད་ནས་བྱིན་གྱིས་རླབས། དེ་ནས་ཏིང་སྟེང་མར་ཡོད་པའི་ཆུ་དེ་ཏིང་འོག་མ་འོག་མར་བགོ་བཞིན་ཏིང་རྣམས་བསྒྲིགས། ཏིང་སྒྲིག་པའི་ཚེ་ཏིང་ཕན་ཚུན་མི་ཐུག་པ་དང་བར་ཐག་མི་རིང་བ་དང་ཏིང་ཕན་ཚུན་བརྡབས་ནས་སྒྲ་མ་འབྱིན་པ་བྱེད་དགོས། དེ་ནས་ལག་པ་གཉིས་ཀས་གུས་པས་གྲལ་མགོ་ནས་ཕུལ་དགོས་ཤིང་། དེ་ཡང་ལུད་པ་དང་མ་ཁེངས་པ་མ་ཡིན་པར་འབྲུ་རེ་ཚོད་ཙམ་མ་གཏོགས་གང་བར་བླུགས་ན་དགེ་ལེགས་འཕེལ་ལ། དེ་ལས་ལྡོག་ན་ཉེས་དམིགས་བྱུང་བ་ཡིན། ༤༽ ཕུལ་བའི་ཕན་ཡོན་དང་ཇི་ལྟར་གཤོམ་༼སྡུད་༽ཚུལ།ཡན་ལག་བརྒྱད་ལྡན་ཆུའི་ཡོན་ཆབ་ཕུལ་བས་ཕན་ཡོན་མི་འདྲ་བ་བརྒྱད་སོ་སོར་ཐོབ་ཏེ། དེ་ཡང་། བསིལ་བ་ཕུལ་བས་ཚུལ་ཁྲིམས་དག་པ་དང་། ཞིམ་པ་ཕུལ་བས་རོ་མཆོག་རྙེད་པ་དང་། ཡང་བ་ཕུལ་བས་ལུས་སེམས་ལས་སུ་རུང་བ་དང་། དྭངས་པ་ཕུལ་བས་རིག་པ་དྭངས་པ་དང་། དྲི་ང་མེད་པ་ཕུལ་བས་སྒྲིབ་པ་སྦྱོང་བ་དང་། ལྟོ་བར་མི་གནོད་པ་ཕུལ་བས་ནད་མི་འབྱུང་བ་དང་། མགྲིན་པར་མི་གནོད་པ་ཕུལ་བས་ངག་སྙན་པ་འབྱུང་ངོ་། །མཐར་ཐུག་ཀྱི་ཕན་ཡོན་ནི་སངས་རྒྱས་ཀྱི་སྐུ་སྒྲུབ་བྱེད་ཀྱི་ཚོགས་སུ་འགྲོ་བའོ། །གཤོམ་པའི་ཚེ་བླ་མ་རྣམས་ཀྱི་ཕྱག་ལེན་བཞིན་དང་པོ་མཇུག་ནས་རིམ་གྱི་བཤམ་དགོས་པའོ།། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
སྐྱབས་འགྲོའི་བསླབ་བྱ་དང༌། ཞར་ལ་སྐྱབས་ཡུལ་དཀོན་མཆོག་གསུམ་ངོས་བཟུང་བ།
ར་ས་ཕོ་ཉ། དང་པོ་སྐྱབས་འགྲོའི་བསླབ་བྱ་ལ། སོ་སོའི་བསླབ་བྱ་དང་ཐུན་མོང་གི་བསླབ་བྱ་གཉིས་ཡོད་པ་ལས། ༡༽སྐྱབས་གསུམ་སོ་སོའི་བསླབ་བྱ་ལ་དཀོན་མཆོག་གསུམ་སོ་སོ་ལ་སྐྱབས་སུ་འགྲོ་བས་བསླབ་བྱ་གསུམ་ལས། ༡ སངས་རྒྱས་ལ་སྐྱབས་སུ་སོང་བས་ནི། དགག་ཕྱོགས་ནས་འཇིག་རྟེན་པའི་ལྷ་དབང་ཕྱུག་དང་ཚངས་པ་དང་རྒྱལ་བཙན་ཀླུ་ལ་སོགས་པར་སྐྱབས་སུ་འགྲོ་བར་མི་བྱེད་པ་དང༌། སྒྲུབ་ཕྱོགས་ནས་སངས་རྒྱས་ཀྱི་སྐུ་གཟུགས་འདམ་བག་དང་ཤིང་དང་རྡོ་སོགས་གང་ཞིག་ལས་བྱས་པ་དང༌། བཟོ་ལྟ་ངན་པ་ལྟ་བུ་དང་ཆག་ཧྲུལ་དུ་གྱུར་པ་ལྟ་བུ་ཅི་འདྲ་ཞིག་ཡིན་ཡང་སངས་རྒྱས་དངོས་ཀྱི་འདུ་ཤེས་སམ་ཆ་འཇོག་བྱེད་དགོས་པ་ཡིན། ༢ ཆོས་ལ་སྐྱབས་སུ་སོང་བས་ནི། དགག་ཕྱོགས་ནས་སེམས་ཅན་ལ་གནོད་འཚེ་མི་བྱེད་པ་སྟེ། སྲོག་ལྡན་གང་ཞིག་ལ་སྲོག་གཅོད་པ་དང་བརྡུང་བརྡེག་བྱེད་པ་བལྟ་ཞོག ཐ་ན་བོང་བུར་འཁེལ་ལྕི་མོ་འགེལ་བ་ཚུན་བྱ་མི་རུང་བ་དང༌། སྒྲུབ་ཕྱོགས་ནས་བྱུང་ན་ཆོས་ཀྱི་ཡི་གེ་ན་གཅིག་དང་མ་བྱུང་ན་ཆོས་ཚིག་བཞི་ཡན་ཆད་ལའང་ཆོས་དཀོན་མཆོག་དངོས་ལྟར་གུས་པ་བྱ་དགོས་པ་སྟེ། ཆོས་ཚིག་བཞི་ཡན་ཡོད་པ་ས་མཐིལ་དུ་འཇོག་པ་དང་མི་གཙང་སར་འཇོག་པ་དང༌། ལྷམ་སོགས་དང་ལྷན་དུ་འཇོག་པའམ་འཁུར་བ་དང་ལུས་ཀྱིས་འགོམ་ཡུག་རྒྱག་པ་སོགས་མ་གུས་པ་སྤང་པར་བྱེད་པའོ།། ༣ དགེ་འདུན་ལ་སྐྱབས་སུ་སོང་བས་ནི། དགག་ཕྱོགས་ནས་གྲོགས་མུ་སྟེགས་པ་དང་མི་འགྲོགས་པ་སྟེ། དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་མེད་ཅིང་སྐུར་འདེབས་བྱེད་པ་དེ་དག་དང་འགྲོགས་པར་མི་བྱེད་ལ། སྒྲུབ་ཕྱོགས་ནས་དགེ་འདུན་ནམ་རབ་བྱུང་གི་གོས་གྱོན་པའི་རྟགས་ཙམ་འཛིན་པ་ལའང་མི་གུས་པ་མི་བྱ་ཞིང༌། དགེ་འདུན་པའི་ན་བཟའ་དམར་སེར་ཙམ་ས་ལ་ལྷུང་བ་ལའང་གུས་པར་བྱས་ནས་ས་གཙང་སར་སྐྱེལ་བ་སོགས་བྱེད་དགོས་པའོ།། ༢༽ཐུན་མོང་གི་བསླབ་བྱ་ནི། ༡ དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའི་སྒོ་ནས་ཡང་ཡང་སྐྱབས་སུ་འགྲོ་བ་དང༌། ༢ དཀའ་དྲིན་དྲན་པའི་སྒོ་ནས་ཁ་ལག་དང་ཇ་སོགས་ཀྱི་ཕུད་ཀྱིས་མཆོད་པ་འབུལ་བ་དང༌། ༣ གཞན་ལ་དཀོན་མཆོག་གི་ཡོན་ཏན་བརྗོད་པ་སོགས་ཀྱིས་སྐྱབས་འགྲོ་ལ་འགོད་པ་དང༌། ༤ སྐྱབས་འགྲོའི་ཕན་ཡོན་དྲན་པའི་སྒོ་ནས་ཉིན་མཚན་ལན་དྲུག་ཏུ་སྐྱབས་འགྲོ་བྱེད་པ་དང༌། ༥ བྱ་བ་གང་ཞིག་བྱེད་ཀྱང་དཀོན་མཆོག་ལ་བློ་བཀལ་ནས་བྱེད་པ་དང༌། ༦ ཐ་ན་བཞད་གད་ཙམ་གྱི་ཕྱིར་དུ་ཡང་སྐྱབས་འགྲོ་མི་གཏོང་བ་སྟེ། དེ་ཡང་སྲོག་གི་དོན་དུ་སྐྱབས་འགྲོ་མི་གཏོང་བ་མ་ཚད། ཕན་ཚུན་གད་མོ་སློང་དུས་ཀྱང་སྐྱབས་འགྲོ་མི་གཏོང་བ་སྟེ། མནའ་སྐྱེལ་བ་ཚུན་དུའང་དཀོན་མཆོག་མི་གཏོང་བར་བྱེད་པའོ།། གཉིས་པ་ཞར་ལ་སྐྱབས་ཡུལ་དཀོན་མཆོག་གསུམ་ངོས་བཟུང་བ་ནི། ༡ སངས་རྒྱས་དཀོན་མཆོག་ནི། རང་གཞན་གྱི་དོན་གཉིས་མཐར་ཕྱིན་པའི་སྐབས་གནས་མཐར་ཐུག་སྟེ། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་བདག་ཅག་གི་སྟོན་པ་ལྟ་བུ་ཡིན། ༢ ཆོས་དཀོན་མཆོག་ནི། འགོག་བདེན་དང་ལམ་བདེན་གང་རུང་གིས་བསྡུས་པའི་འཕགས་པའི་རྒྱུད་ཀྱི་ཡོན་ཏན་ཏེ། དེ་ཡང་འཕགས་པའི་གང་ཟག་གི་རྒྱུད་ཀྱི་ཉོན་མོངས་སོགས་སྤང་བྱ་སྤངས་པའི་བྲལ་བའམ་ཡོན་ཏན་དེ་འགོག་བདེན་དང༌། ཉོན་མོངས་སོགས་སྤང་བྱ་དེ་དག་སྤོང་བྱེད་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ལྟ་བུའི་མཁྱེན་པའི་ཡོན་ཏན་དེ་ལམ་བདེན་ཡིན། གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ་སངས་རྒྱས་ཀྱི་གསུང་རྣམས་བརྡར་བཏགས་པའི་ཆོས་དཀོན་མཆོག་ཡིན་ཀྱང་ཆོས་དཀོན་མཆོག་དངོས་མ་ཡིན། ༣ དགེ་འདུན་དཀོན་མཆོག་ནི། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་པའི་གང་ཟག་སྟེ། མདོར་ན་འཕགས་པའི་གང་ཟག་ཉིད་དགེ་འདུན་དཀོན་མཆོག་ཡིན། དེ་ཡང་ལམ་ལ་སློབ་པའི་ཚེ་དང་པོར་ཚོགས་ལམ་དང༌།…