ར་ས་ཕོ་ཉས་དཔར་བླངས། སྤྲ་ནི་ལུས་པོ་སྤྲེའུ་དང་འདྲ་བ་ལ་ལག་མཐིལ་དང་ངོ་མདོང་ནག་པོ་ཡིན་པ་དང་རྔ་མ་ཧ་ཅང་རིང་པོ་ཡོད་ལ་སྤུ་མདོག་སྐྱ་བོ་དང་སེར་པོ་དེ་འདྲའང་ཡོད་པ་ཡིན། རང་གཤིས་སྤྲེའུ་ལས་ཞེ་དྲག་གི་ཡ་རབས་དང་སེམས་པ་ཆུང་བ་ཡོད། ཟས་སུ་གཙོ་བོ་རྩེ་ཤིང་གི་ལོ་མ་དང་ས་བོན་དང་ཤིང་ཏོག་སྤྱོད་ཅིང་། སེམས་ཅན་དེ་ནི་མནའ་རབས་ཀྱི་སྲོག་ཆགས་ཀྱི་གྲལ་དུ་གཏོགས་པ་ཡིན། དབྱིན་སྐད་ལ་དེའི་མིང་ལ། Langur ཟེར་ཞིང་། དབྱིན་བོད་ཚིག་མཛོད་གསར་མར་Baboon ལ་སྤྲ་ཞེས་བསྒྱུར་འདུག་ཀྱང་འཐད་པར་མི་སེམས། [youtube https://www.youtube.com/watch?v=Uqd16dFko4Y][youtube https://www.youtube.com/watch?v=uVWscbbhAyw] གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
ཧམ་ཌི་ཌམ་ཌི། (རྡོ་རྗེ་ཞེས་བསྒྱུར།)
རྡོ་རྗེ་རྩིག་པའི་སྒང་ལ་བསྡད།།རྡོ་རྗེ་རྩིག་པའི་སྒང་ནས་ཟགས།།རྒྱལ་པོའི་རྟ་རྣམས་ཐམས་ཅད་དང་།།རྒྱལ་པོའི་མི་རྣམས་ཐམས་ཅད་ཀྱིས།།རྩིག་པའི་སྒང་ལ་སླར་ཡང་ནི།།རྡོ་རྗེ་ནམ་ཡང་བསྐྱལ་མི་ཐུབ།། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
བྱི་བ་ཐ་ཆུང་འཛམ་གླིང་ལས་འཐོན་པ། ༡
སྨྱུག་རྒོད་གངས་བུ་དཔལ། ༄༅། །ཉིན་ཅིག་བྱི་བ་ཐ་ཆུང་དྲང་སྲོང་སྨྱུག་རྒོད་མེད་པ་དང་བསྟུན་ནས་ནགས་གསེབ་ཏུ་རྩེད་མོ་རྩེས་བར་ཕྱིན་པས། ཤིང་ནགས་ཀྱི་གསེབ་ཏུ་འོད་ཟེར་ཆེན་པོ་ཞིག་འཕྲོས་པ་མཐོང༌། སྐབས་དེར་བྱི་བ་ཐ་ཆུང་གིས་བསམ་པར་འོད་ཟེར་དེ་ནོར་བུ་རྩ་ཆེན་ཞིག་གི་མིན་ནམ་སྙམ་ནས་ལྟ་བར་འགྲོ་སྐབས། ཕ་བོང་འདྲ་བའི་རྡོ་རིལ་རིལ་ཆེན་པོ་ཞིག་ལ་འོག་ཏུ་སྒོ་ཆུང་ཆུང་ཞིག་ཡོད་པ་མཐོང༌། བྱི་བ་ཐ་ཆུང་ཐེ་ཚོམ་གང་ཡང་མ་བྱས་པར་ནང་ཏུ་སོང་བས། ནང་ལོགས་ཐམས་ཅད་གློག་གི་འོད་ཟེར་གྱིས་ཁེངས་ཞིང་མི་དང་སེམས་ཅན་གཅིག་རྐྱང་མཐོང་རྒྱུ་མེད། དེ་མུར་ཕྱི་ལོག་ནས་ཞི་མིའི་སྐད་རྒྱག་མཁན་ནང་དུ་ཡར་འཛུལ་ཡོང་བས་བྱི་བ་ཐང་ཆུང་ཤིན་ཏུ་ཞེད་ནས་འདར་སིག་ཤོར། འོན་ཀྱང་དངོས་གཞི་ནང་དུ་སླེབས་སྐབས་བྱི་བ་ཐ་ཆུང་རང་ལས་ཆུང་བའི་ཞི་མི་ཞིག་ཡིན་པ་མཐོང༌། ཞི་མི་དེས་བྱི་བ་ཐ་ཆུང་མཐོང་བ་དང་ལམ་སེང་གྲོད་ཁོག་ཁ་ཕྱེ་ནས་མི་ཆུང་ཆུང་གཉིས་ཕྱིར་འཐོན་ནས་བྱི་བ་ཐ་ཆུང་གི་མིག་ལ་གློག་ཞུ་འདྲ་པོ་ཞིག་སྤར་ནས་འོད་གཅིག་རྒྱབ་པས་དེ་མ་ཐག་བྱི་བ་ཐ་ཆུང་དྲན་མེད་དུ་གྱུར། བྱི་བ་ཐ་ཆུང་དྲན་པ་གསོས་སྐབས་མི་ཆུང་ཆུང་དེ་གཉིས་ཀྱིས་འོད་ཟེར་ཅན་གྱིས་ཐག་པས་རང་ཉིད་བསྡམས་བཞག་པ་ཡོད་པ་དང༌། ད་དུང་ཁོང་གཉིས་ཀྱིས་སྐད་ཆ་མང་པོ་བཤད་ཀྱང་བྱི་བ་ཐ་ཆུང་ཁོང་ཚོའི་སྐད་མ་ཤེས་པར་བརྟེན་གནས་དོན་གང་ཡང་མ་གོ། དེ་ནས་རྡོ་ཕ་བོང་འདྲ་བའི་འཕུར་གྲུ་དེ་གསལ་ལ་མ་གསལ་བའི་མཁའ་དབྱིངས་སུ་འཕུར་ཕྱིན་པས་སྐད་ཅིག་ཙམ་ལ། འཛམ་གླིང་དང་ཟླ་བའི་གྲོང་འཁྱེར་བཞག་ཕྱིན། གང་མཚམས་ནས་གཟའ་མིག་དམར་ཡང་བཞག་ནས་སོང༌། དེ་ནས་མཁའ་དབྱིངས་གླིང་ཕྲན་ཞིག་ཏུ་འབབ། གླིང་ཕྲན་དེར་མི་ཆུང་ཆུང་དེ་གཉིས་ཀྱིས་བྱི་བ་ཐ་ཆུང་བཞག་ནས་ཁོང་གཉིས་འཕུར་གྲུར་ཞུགས་ནས་མཁའ་དབྱིངས་སུ་འཕུར་ཕྱིན། བྱི་བ་ཐ་ཆུང་གྱིས་གླིང་ཕྲན་དེའི་ས་སྟེང་དུ་གཅིག་བལྟས་པས་འབུ་མང་པོ་འགྲོ་བཞིན་པ་མཐོང༌། བྱི་བ་ཐ་ཆུང་གིས་འབུ་གྲོག་མ་ཡིན་ནམ་སྙམ་ནས་ཉེ་སར་ཅར་ནས་ཡག་པོ་ལྟ་སྐབས་དེ་ཚོ་འབུ་གྲོགས་མ་དང་ཆེ་ཆུང་མཉམ་པའི་ཤ་བའི་ཁྱུ་གཅིག་རེད་འདུག སྐབས་དེར་བྱི་བ་ཐ་ཆུང་གི་རྒྱབ་ཕྱོགས་ནས་འབུ་གྲོག་མ་ཟེར་དུས་སྟག་འདྲ་པོ་ཞིག་རྒྱུགས་ཡོང་བས། བྱི་བ་ཐ་ཆུང་ཞེད་ཐག་ཆོད་ནས་བྲོས་ཕྱིན་པས་སྐར་མ་བཅོ་ལྔ་ཙམ་ལ་ས་རུབ། ཡང་དེ་ནས་སྐར་མ་བཅོ་ལྔ་ཙམ་ལ་ནམ་སད་པས་བྱི་བ་ཐ་ཆུང་གིས་གླིང་ཕྲན་འདི་ཆུང་ཆུང་ཞིག་གམ། འོ་ན་འཁོར་བསྐྱོད་མགྱོགས་པོ་བྱེད་མཁན་གྱི་གླིང་ཕྲན་ཞིག་ཡིན་པར་ཤེས། འོན་ཀྱང་འབུ་གྲོག་མ་ཆེན་པོ་དེས་མིག་གསལ་པོ་མི་མཐོང་ཞིང་གཙོ་བོ་རྭ་ཅོ་འདྲ་བའི་མིག་སྤུ་གཉིས་ཀྱིས་གཟུགས་ཅན་འཚོལ་གྱི་ཡོད་གཙང་བྱི་བ་ཐ་ཆུང་བྲོས་སླ་པོ་བྱུང༌། དེ་ནས་ད་གིན་གྱི་མི་ཆུང་དེ་གཉིས་ཀྱི་འཕུར་གྲུ་དེ་སླེབས་ནས་བྱི་བ་ཐ་ཁྲིད་དེ་ཕྱིན། གང་མཚམས་སོང་མཚམས་གླིང་ཕྲན་དམར་སེར་ཞིག་ཏུ་འབྱོར་བས་དེར་འབབ། གླིང་ཕྲན་དེར་ནི་མི་ཆུང་ཆུང་མང་པོ་གྲོག་རེ་བཞིན་ནས་འགུག་བསྡད་ཡོད་ལ། མི་གཅིག་འཕུར་གྲུ་ཆུང་ཆུང་གཅིག་བཞོན་ནས་དཀྱིལ་དུ་བསྡད་ཡོད། བྱི་བ་ཐ་ཆུང་ས་སྟེང་དུ་རྐང་པ་བཞག་པ་དང་གང་ས་ནས་དུ་བ་བཏང་ནས་དགའ་བསུ་ལྟ་བུ་ཞུས་པ་དང༌། འཕུར་གྲུ་བཞོན་མཁན་གྱི་མི་དེས་གཅིག་ཤེས་པ་དང་འཕུར་གྲུའི་མདུན་གྱི་རྒྱང་གྲགས་ནང་སྐད་བསྒྱུར་ནས་བརྗོད་དོན། ཁྱེད་རང་ཕེབས་པར་དགའ་བསུ་ཡོད། ད་ནས་ཉིན་མ་གསུམ་ནང་ང་ཚོའི་གླིང་དེར་གླིང་ཆེན་བདུན་པས་དམག་ཡོང་མཁན་ཡིན་ཅིང༌། ངོས་ཚོར་ཁོང་ཚོར་གདོང་ལེན་བྱ་རྒྱུའི་ཤེས་རབ་དང་སྟོབས་ཤུགས་གང་ཡང་མེད་གཙང་ཚང་མས་གྲོས་མཐུན་ཐོག་ཤེས་རབ་ཀྱི་སྟོབས་འབྱོར་ལྡན་པའི་འཛམ་བུ་གླིང་དུ་རོགས་རམ་འཚལ་བར་དམག་མི་གཉིས་པོ་དེ་བཏང་པ་ལས། སྐུ་ཞབས་ཁྱེད་རང་གདན་འདྲེན་ཞུས་ཐུབ་པ་བྱུང༌། ད་སྐུ་ཞབས་ཁྱེད་ཀྱིས་ང་ཚོ་སྐྱོབ་རོགས་གནང་ལབ། སྐབས་དེར་བྱི་བ་ཐ་ཆུང་ཧང་ནག་པོ་དགུ་སངས་ཤིང༌། ད་དཔེ་བསགས་པ་རེད། འཛམ་བུ་གླིང་ནང་མཐོང་ཆོས་སུ་མི་དང་དུད་འགྲོ་གཉིས་ཡོད་པ་ལས། མི་མ་གཏོགས་དུད་འགྲོ་ཚོ་ཤེས་རབ་ཅན་རྩ་བ་ནས་མ་རེད་ལ། དུད་འགྲོ་ཚོར་ཤེས་རབ་ཡོད་ནའང་གཟུགས་པོ་གྲུབ་སྟངས་ལས་མི་ནང་བཞིན་བྱེད་མི་ཐུབ། དེ་འདྲ་སོང་གཙང་ཁྱེད་ཚོར་རོགས་པ་བྱེད་ཐུབ་མཁན་མི་རེད། ང་མ་རེད་ཅེས། ལབ་པས། ཁོང་ཚོ་ཚང་སྐད་རྒྱབ་ནས་ངུས། བྱི་བ་ཐ་ཆུང་གི་ཁྱེད་ཚོ་སེམས་འཕྲལ་མ་བྱེད། ང་འཛམ་བུ་གླིང་དུ་ཕྱིན་ནས་རོགས་པ་འཚལ་ཆོག་ལབ་པས། ཁོང་ཚོ་དེ་བས་སྐད་ཆེ་བ་རྒྱབ་ནས་ངུས། དཀྱིལ་གྱི་མི་དེས། དེ་འདྲ་ཡོང་གི་མ་རེད། ང་ཚོའི་ཉིན་མ་བདུན་ལ་འཛམ་བུ་གླིང་གི་ཉིན་མ་གཅིག་ཡིན་གཙང་དུས་ཚོད་ཡོད་མ་རེད་ལབ་ནས་ངུས། བྱི་ཐ་ཆུང་གིས་ད་ཁྱོད་ཚོ་ངུ་ནས་ཕན་གྱི་མ་རེད་ཉིན་མ་ཁ་ཤས་ཡོད་པ་དེ་རིང་ཁྱེད་ཚོས་ང་ལ་གླིང་ཆེན་བདུན་པའི་དམག་གི་འགྲེལ་བཤད་བྱེད་དང་ང་རོགས་པ་གང་ཐུབ་བྱེད་ཆོག་ལབ་པས་ཚང་མ་ངུས་མཚམས་བཞག་ནས་ཨམ་ཆོག་ཀྲོང་ཀྲོང་བྱས། །མུ་འགོད་་་་ གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག་གི་མཇལ་ཁ་ཐོབ་པའི་རྗེས་སུ་དགའ་ཚོར་བསྐྱེད་བཞིན་པའི་དཔར། ༡༩༩༤ ལོའི་འཇིག་རྟེན་མཛངས་མའི་དབུ་རྒྱན་ཐོབ་མྱོང་བའི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སུ་ཤི་མི་ཏ་སེན་གྱིས་རེས་གཟའ་ཟླ་བའི་ཉིན་༸གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། མོས་མཇལ་ཁ་ཞུས་རྗེས་ཤིན་ཏུ་དགའ་པོ་བྱུང་ནས་ ད་ལན་༸གོང་ས་མཆོག་མཇལ་བ་དེ་ནི་ཨ་མ་ཏེ་རེ་ས་མཇལ་བ་ནང་བཞིན་མྱོང་ཚོར་ཞེ་དྲག་ཡག་པོ་བྱུང་ཞེས་བརྗོད་འདུག གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
ཧོ་ལི་ཞེས་པའི་རྒྱ་གར་གྱི་ཧིན་དྷུའི་དུས་ཆེན།
ར་ས་ཕོ་ཉ།ཁ་སང་དེ་རིང་ནི་རྒྱ་གར་བྱང་བརྒྱུད་གཙོ་བྱས་པའི་རྒྱ་གར་གྱི་གྲོང་པ་གྲོང་ཁྱེར་གང་སར་ཧོ་ལིའི་དུས་སྟོན་འཚོགས་ནས་ལམ་ཁར་བསྐྱོད་པའི་མི་ཚོར་ཚོན་བཀྲ་བསྐུས་པར་བྱེད་པ་མཐོང་བས། ཁོ་བོ་གཙོས་པའི་བོད་མི་མང་པོ་ཞིག་ལ་ཧོ་ལི་ཟེར་བ་དེ་ག་རེ་ཡིན་ནམ་སྙམ་པའི་དོགས་པ་སྐྱེས་ཡོད་པ་གོར་མ་ཆག དེས་ན་ཁོ་བོས་ཧོ་ལིའི་སྐོར་གྱི་ཡི་གེ་ཏོག་ཙམ་བལྟས་པ་ལས་དེའི་སྐོར་མདོ་ཙམ་འབྲི་བ་ལ། ཧོ་ལིའི་དུས་སྟོན་གྱི་རྣམ་པ་ནི་ཁོ་བའི་བླངས་པའི་འདྲ་དཔར་ནང་གསལ་ལྟར། ཚོན་ཁྲ་བླུགས་པའི་ཆུ་དང་རྒུ་ལླ་gulalཞེས་པའི་རང་བྱུང་གི་ཚོན་ཁྲའི་ཕྱེ་མ་དག་གིས་མི་ལ་གཏོར་བར་བྱེད་ཅིང་། དེའི་ཉིན་གྱི་སྔ་དགོང་དུ་ཆོས་ཕྱོགས་ཀྱི་ཆོ་ག་དེ་འདྲ་འདོན་པ་དང་མེ་བཏང་བ་ཡང་བྱེད་ཀྱི་འདུག དུས་སྟོན་དེ་ནི་ཕལ་ཆེར་ལོ་ལྟར་སྤྱི་ཟླ་གསུམ་པའི་འགོ་སྟོད་དུ་འཁེལ་གྱི་ཡོད་ལ་མི་མང་ཚོས་བཀྲག་མདངས་ལྡན་པའི་ཚོན་ཁྲ་དེ་དག་གིས་བདེ་བ་དང་ཚེ་དང་ནུས་མཐུ་རྣམས་མཚོན་པར་ཡིད་ཆེས་བྱེད་ཀྱི་ཡོད། འདི་ག་རྒྱ་གར་ལྷོ་ཕྱོགས་སུ་བོད་མི་རྒན་རབས་ཚོས་ཧོ་ལིའི་དུས་སྟོན་དེ་བྱས་པའི་རྗེས་ཚ་བ་ཏོག་ཙམ་ཆུང་དུ་འགྲོ་བའི་འགྲེལ་བརྗོད་ཡང་བྱེད་ཀྱི་འདུག ཧོ་ལི་དུས་སྟོན་དེར་ལོ་རྒྱུས་ཀྱི་བྱུང་བ་མང་དག་ཡོད་འདུག་ཀྱང་གྲགས་ཆེ་བ་ཧོ་ལི་དང་པོ་བྱུང་ཚུལ་གྱི་སྐོར་དེ་བརྗོད་ན། བཤད་རྒྱུན་ལ་གནའ་སྔ་མོ་ཞིག་ཧི་རན་ཡ་ཀ་སི་པུ་ཞེས་པའི་བདུད་རྒྱལ་ཞིག་ཡོད་པ་དེར་པྲ་ར་ལ་དྷ་ཞེས་པའི་རྒྱལ་སྲས་ཞིག་ཡོད། རྒྱལ་སྲས་དེ་ནི་རྟག་ཏུ་ལྷ་ལ་མཆོད་པར་བྱེད་པ་ལ་སོགས་པའི་དམ་པའི་སྤྱོད་ལ་དགའ་བར་སོང་། རྒྱལ་པོ་གདུག་པ་ཅན་དེ་ཡིད་མ་རངས་པར་རང་གི་གཅུང་མོ་ཧོ་ལི་ཀ་བྱ་བ་མེ་འཚིག་པར་མི་ནུས་པའི་བདུད་མོ་ཞིག་ཡོད་པ་དེར་རྒྱལ་སྲས་གསོད་པའི་བཀའ་བཏང་། བདུད་མོས་རྒྱལ་པོའི་བཀའ་བཞིན་རྒྱལ་སྲས་བཟུང་ནས་མེ་ཐབ་གྱི་ནང་དུ་འཛུལ་ནས་གསོད་པར་བརྩམས་ཀྱང་། རྒྱལ་སྲས་མ་ཚིག་པར་བདུད་མོ་མོ་རང་ཚིག་ནས་རང་ལུས་ཐལ་བར་གྱུར། འོན་ཀྱང་རྒྱལ་སྲས་ཀྱི་ཨ་ནི་བདུད་མོ་དེས་མ་ཤི་གོང་དུ་རྒྱལ་སྲས་ལ་དགོངས་སེལ་ཞུས་པ་དང་རྒྱལ་སྲས་ཀྱིས་ཀྱང་དགོངས་པ་དྭངས་པར་བཞེས་ནས་ལོ་ལྟར་མོའི་མིང་དེ་དྲན་རྒྱུའི་ཆེད་དུ་ཧོ་ལི་ཞེས་པའི་དུས་སྟོན་དེ་བཙུགས་པར་གྲགས། ཡང་ལོ་རྒྱུས་གཞན་ཞིག་ཏུ་དུས་སྟོན་དེ་ནི་ཧིན་དྷུའི་ལྷ་ནག་པོ་སྟེ་ཀ་རི་ཤི་ན་དང་ར་དྷ་གཉིས་ཀྱི་རྫོགས་མཐའ་མེད་པའི་བརྩེ་རྡུང་གི་སྐོར་ནས་འགྲེལ་བརྗོད་ཡང་བྱེད་ཀྱི་ཡོད་འདུག་པ་བཅས་སོ།། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།