ཁ་རྩངས་སྔ་དྲོ་ཚོུད་༩་༥༥ ཐོག་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་རྟ་དབང་ནས་ཐད་འཕུར་གནམ་གྲུ་བརྒྱུད་འཐོན་པའི་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད། ཐད་འཕུར་གནམ་གྲུ་འདི་ནང་རྡོ་རྗེ་མཁའ་འགྲོའི་རོགས་པ་མི་བཞི་ཙམ་ཡོད་པ་དང་། ཁོང་གནམ་གྲུ་དེ་བརྒྱུད་ནས་ཨི་ཊ་ན་གྷར་ལ་བསྐྱོད་མཁན་ཡིན་པ་རེད། ཁོང་ཨི་ཊ་ན་གྷར་ལ་ཚོུད་༡༡་༣༠ ཐོག་འབྱོར་ངེས་ཡིན་ནའང་དེ་ལྟར་མ་འབྱོར་དུས་མི་ཚོར་དོགས་པ་འདྲ་མིན་ཟ་ཡོད་ཅིང་། དེ་ནས་༢་༣༠ ཐོག་ཁོང་གི་ལས་ཁུངས་ནས་ཁོང་འབྲུག་ཁུལ་གྱི་ས་གནས་དྲག་པོ་རི་ཇོ་Daporijoཞེས་པར་བདེ་ཐང་ངང་བབ་ཡོད་པའི་འགྲེལ་བརྗོད་བྱས་ཡོད་ཀྱང་ཕྱིས་སུ་སྐད་ཆ་དེ་ཕྱིར་བསྡུ་བྱས་ཡོད། ད་ལྟའི་ཆར་ཡང་རྡོ་རྗེ་མཁའ་འགྲོའི་གནམ་གྲུ་སོགས་གང་ཡང་རྙེད་མེད་པ་དང་། ད་རངས་ཞོགས་པ་རྒྱ་གར་གཞུང་གི་དམག་གི་གནམ་གྲུ་Sukhoi fighter གཉིས་བཏང་ནས་འཚོལ་ཞིབ་བྱས་ཀྱང་རྙེད་སོན་བྱུང་མི་འདུག དེ་རིང་༸གོང་ས་མཆོག་གིས་ཁོང་བདེ་ཐང་ཡོང་བའི་ཐུགས་སྨོན་ཀྱང་མཛད་ཡོད་པ་སྐུ་སྒེར་ཡིག་ཚང་ནས་རྒྱ་གར་གསར་ལམ་དུ་གསུངས་འདུག རྡོ་རྗེ་མཁའ་འགྲོ་ནི་བོད་བརྒྱུད་ནང་པའི་མཆོད་ཡོན་སྦྱིན་བདག་ཤུགས་ཆེ་གནང་མཁན་དང་༸གོང་ས་མཆོག་ལ་དད་པ་ཞུ་མཁན་ཞིག་ཡིན་པའི་མུར་འབྱུང་འགྱུར་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་ཀྱང་ཡིན་བརྗོད་ཀྱི་འདུག གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
སྲིད་ཀྱི་བློ་གྲོས་སྒོ་མོ་སུ་ཡིས་ཕྱེ།
དགེ་རིག་ནས། གངས་ཅན་རྒྱུད་ལ་འཁྲུངས་བའི་མི་ཡི་གཟུགས།།བྱིས་པའི་དུས་ནས་ཚེ་ཡི་ཐ་མའི་བར།།གངས་ཅན་སྐྱིད་ལ་འཇོག་པའི་སེམས་པ་འདིས།།འཛམ་གླིང་ཡོངས་སུ་ཉམ་ཆུང་འཛུམ་གྱིས་བསྐོར།། སྤྱན་ཕྱག་སྟོང་གི་ཟློས་གར་མི་ཡི་གཟུགས།།བྱིས་པའི་སེམས་པ་རྩེད་འཇོ་རོལ་དགོས་ཀྱང་།།ས་དབང་དབང་རྩོད་འཁྲུགས་པའི་རྦ་རླབས་ཀྱིས།།བྱིས་པའི་བློ་ལ་ཤེས་རབ་རབ་ཏུ་རྒྱས།།སྲིན་པོ་དམར་པོའི་སྡེར་མོ་མ་མཐོང་བར།།ར་སྟག་འཁྲུགས་པའི་དམག་གི་གཡུལ་ས་ཡི།།རང་རྒྱལ་གཞན་ཕམ་སྦྲུལ་ཐག་གཅོད་པ་ལ།།བཅུ་དྲུག་ལང་ཚོའི་སྙིང་སྟོབས་རབ་ཏུ་རྒྱས།། མ་ཡི་མངལ་ནས་ས་དབང་ཆེན་པོ་ཚོས།།ཐོབ་དང་ནོར་ལ་རྔམས་པའི་སེམས་པ་འདིས།།རང་ཡུལ་དངུལ་དུ་བརྗེ་ལ་ཉེ་བའི་ཚེ།།དགུ་ཟུང་ལང་ཚོའི་གྲོས་མོའི་བློ་གྲོས་རྒྱས།། སྲིན་པོ་གཡོ་ཅན་གྲོས་ཀྱི་གོང་བུ་ལ།།མི་འདོད་བཙན་གྱིས་བདེན་ཁ་སྦྱིན་ན་ཡང་།།གཡོ་སྒྱུ་ནོར་གྱིས་ནང་བློན་བསླུས་བའི་ཚེ།།སེམས་ཀྱི་གསང་བ་ཁོག་ཏུ་སྦས་ལ་འདུད།། བཅུ་ཟུང་ལྔ་ཡི་ལང་ཚོ་དར་བའི་དུས།།གངས་ཀྱི་ཉི་མ་ལྷོ་ལ་བཞུད་པའི་ཚེ།།ཟླ་བ་གཅིག་བུ་ལུས་བའི་སྐྱོ་གདུང་གིས།།སྙིང་གི་ཞལ་ཆེམས་ཟླ་བ་བསྐུར་ལ་འདུད།། འཕགས་པའི་ཡུལ་ན་སྟོན་པའི་བསྟན་པ་ཡང་།།ལ་ཁའི་རྩེ་ན་ནུབ་ལ་ཉེ་བའི་ཚེ།།གངས་ཀྱི་ཉི་མས་སྲོག་དབང་སྦྱིན་པ་ཡིས།།སྟོན་པའི་རྒྱལ་ཚབ་བྱེད་ལ་སྙིང་ནས་འདུད།། མི་འདོད་བཙན་གྱིས་རང་ཡུལ་བསྐྱུར་ན་ཡང་།།ས་དབང་རྣམས་ཀྱིས་མི་འདོད་སྲིད་ཀྱི་གྲོས།།དམངས་ཀྱི་མོས་པ་གཙོ་བོ་འཛིན་པ་ཡི།།སྙིང་སྟོབས་རབ་ཏུ་རྒྱས་ལ་གུས་བའི་འདུད།། སྟོད་སྨད་དམངས་འགའི་སེམས་པ་ཅང་ཅེ་ལ།།འཁོར་ནས་བློ་སྙིང་བྲང་གསུམ་གཏོད་པའི་ཚེ།།ཆོལ་གསུམ་གཅིག་གྱུར་སྒྲིལ་བའི་གོང་བུ་ཞིག།ཐབས་ཀྱིས་སྟོན་མཁས་དེ་ལ་སྙིང་ནས་འདུད།། སྲིད་ཀྱི་བློ་གྲོས་པད་མའི་ཆུན་པོ་ལ།།རྟག་མཐའ་སྤོང་བའི་འདབ་མ་སྟོང་བཞད་དེ།།དབུ་མའི་དྲི་བསུང་ཟེའུ་འབྲུ་ལེགས་འཁྲུངས་བས།།གངས་ཅན་རྐང་དྲུག་ཚོགས་སུ་སྦྱིན་ལ་འདུད། ཤུགས་ལྡན་རྒྱ་འདྲེས་འཕངས་བའི་སྒྱོགས་རྡོ་ལ།།ཚུལ་གསུམ་ཚད་མའི་རྟགས་ཀྱིས་ལྷ་འདྲེ་ཡི།།དབྱེ་བ་རྩ་མཆོག་ཀུ་ཤུའི་རྩེ་མོ་བཞིན།།འབྱེད་མཁས་ཤེས་རབ་མཆོག་གྱུར་ཁྱེད་ལ་འདུད།། སྙིང་རྗེ་དྲོད་ཀྱིས་བསྐྱངས་བའི་སྨྱུག་གུའི་ཚོགས།།ཅུང་ཟད་ལྗང་ལོ་རྒྱས་ཚེ་ང་རྒྱལ་གྱིས།།ཉི་མའི་འོད་ལ་སྤྲིན་ནག་གཡོགས་ན་ཡང་།།བཅོས་མིན་སྙིང་རྗེ་གཟིགས་ལ་སྙིང་ནས་འདུད།། གངས་ཅན་ལྗོངས་ནས་གྲགས་པ་མ་རྒྱས་ཀྱང་།།འཕགས་པའི་ཡུལ་ནས་གངས་ཀྱི་ཉི་མ་ལ།།གྲགས་པའི་དོན་དུ་ཚིགས་གསར་མདའ་འཕངས་ཡང་།།ཤེས་རབ་རྒྱས་བའི་བདེན་ཁ་སྦྱིན་ལ་འདུད།། ཆད་མཐའ་སྤོང་བའི་རབ་དཀར་ཆུ་འཛིན་གྱི།།དབུ་མའི་ཞོ་གསར་སྤུངས་བའི་གོང་བུ་ཡང་།།མངར་སྐྱུར་གང་ཡིན་མ་ཤེས་སྙིང་ཁམས་ཚོར།།སྐྱོ་སྣང་མེད་པར་ཡང་ཡང་སྦྱིན་ལ་འདུད།། ཟས་གཙང་སྲས་ཀྱི་གདུལ་བྱར་མ་གྱུར་བའི།།མངོན་གྱུར་རྟགས་ལས་ལྐོག་གྱུར་མི་འདོད་ཡང་།།རྟེན་འབྱུང་རིག་པའི་ལམ་གྱིས་འགུགས་བྱེད་པའི།།རིག་པའི་ཀློང་ཆེན་བརྡོལ་ལ་སྙིང་ནས་འདུད།། དོན་གཉེར་དམངས་ཀྱི་བློ་གྲོས་ཕྱེ་བའི་ཚེ།།དུས་རབས་བཞི་ཡི་སྲིད་ཀྱི་བང་མཛོད་འདི།།ཁམས་དང་མོས་པ་བསྟུན་སྟེ་སྦྱིན་མཁས་བའི།།ཆོས་སྲིད་ཟུང་གི་དབང་པོ་སྙིང་ནས་འདུད།། སྙིང་རྗེ་པད་དཀར་འདབ་མ་སྟོང་ལྡན་ཅན།།སྲིད་ཀྱི་འགན་དབང་དམངས་ལ་གནང་ན་ཡང་།།གངས་ཅན་སྐྱེ་འགྲོ་སྡུག་ལས་གྲོལ་བའི་ཐབས།།གསུང་གི་བདུད་རྩིའི་ཆར་བ་ཡང་ཡང་སྩོལ།། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
༄། །བླ་མ་དང་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།།
བསྟན་འཛིན་དཔལ་མཆོག རྨོངས་པའི་གདུང་བའི་ཉམ་ཐག་བདག།མཁྱེན་པའི་ཆུ་གཏེར་ཁྱེད་ཉིད་ལས།།རེ་ས་གཞན་ན་མེད་ལགས་པས།།རྗེ་བཙུན་ཐུགས་རྗེས་བདག་ལ་དགོངས།། ༡ ཐོག་མེད་སྙིང་གིི་དཀྱིལ་ཞུགས་པའི།།ཉོན་མོངས་དགྲ་ཚོགས་གཞོམ་པ་ལ།།ཡེ་ཤེས་མཚོན་ཆ་རབ་འབར་བ།།དེ་མེད་བདག་གི་ཇི་ལྟར་བྱ།། ༢སྣང་ཞེན་སྤྲོས་མེད་ཡེ་ཤེས་ཀྱི།།དུས་མཐའི་ཞུགས་ཆེན་འབར་བ་ན།།སྒྲིབ་གཉིས་ལྷུན་པོའི་སྐད་པ་ཡང་།།མིང་གི་ལྷག་མར་བརླག་པར་བྱེད།། ༣ ཆོས་ཀྱི་སྙིང་པོ་རིན་ཆེན་སེམས།།དེ་ཡང་ཤེས་རབ་མཐུ་ལས་ན།།ཤེས་རབ་ནོར་གྱིས་དབུལ་བ་ལ།།གང་ཡང་མ་འབྱོར་ངེས་པ་ཐོབ།། ༤ ཤེས་རབ་མིག་ནི་ལྡོངས་པ་ལ།།ཡིན་ལུགས་ངེས་པ་གང་ལས་རྙེད།།འཁོར་བའི་མུན་ཁུང་ལུས་པ་ཡང་།།ཤེས་རབ་འདྲེན་བྱེད་མེད་པས་ནོངས།། ༥ ཉིན་རེའི་བྱ་སྒོ་ཕྲ་མོ་ཡང་།།རིགས་དང་རིགས་མིན་འབྱེད་དགོས་ན།།གཏན་གྱི་བཙན་ས་ཟིན་པ་ལ།།དེ་མེད་གྲུབ་ཅེས་སྨྱོན་པའི་ཚིག།། ༦ སྙིང་ནས་ཆོས་ཤིག་བྱེད་པ་ན།།དད་པ་ཤེས་རབ་གྲོགས་བཅས་ཀྱིས།།མ་ཡིན་འོལ་ཚོད་བླུན་དད་ཙམ།།ཆོག་མིན་རྣམ་དག་རིགས་པས་གྲུབ།། ༧ དེ་ཕྱིར་སྐྱེ་ཀུན་མགོན་པོ་ཁྱེད།།དགེ་བའི་བཤེས་སུ་རྟག་བྱོན་ནས།།ཀུན་མཁྱེན་རྒྱལ་ས་མ་ཟིན་བར།།མཉེས་བཞིན་རྗེས་སུ་གཟུང་དུ་གསོལ།། ༨ འདོད་གསོལ་དང་བཅས་པའི་ཚིགས་སུ་བཅད་པ་འདི་དག་ཤེས་རབ་ཕྱོགས་མེད་འདོད་པའི་སྙོམས་ལས་པ་ཞིག་གིས་གང་དྲན་ཤར་མར་སྤེལ་བ་དགེའོ།། །། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
བཀའ་བློན་ཁྲི་པ་གསར་པར་འཚམས་འདྲི་ཞུ་བ།
བོད་མི་མང་གིས་འདེམས་འཐོན་བྱུང་བའི་བཀའ་བློན་ཁྲི་པ་ཐེངས་གསུམ་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ། འབྱུང་འགྱུར་ལོ་དེ་དག་གི་ནང་བཀའ་བློན་གྱི་འགན་ལེན་ལེགས་གྲུབ་འཐུས་ཚང་ཡོང་བ་དང་། བོད་མི་མང་གི་བདེ་སྐྱིད་སླར་གསོ་ཡོང་བའི་སྨོན་འདུན་བཅས། སྐྱ་རེངས་བརྙན་དེབ་རྩོམ་སྒྲིག་ཁང་ནས། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
༄། །བཀའ་དྲིན་ཟླ་མེད་ ༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག། ( དལ་བུ། )
གཞས་ཚིག་རྩོམ་མཁན། བསྟན་འཛིན་དཔལ་མཆོག ཁྱེད་ཀྱི་ཐུགས་བཞེད་ལྷུན་གྱིས་གྲུབ་པར་ཤོག། ཁྱེད་ཉིད་སྐུ་ཚེ་ཡུན་དུ་བརྟན་པར་ཤོག། མཁྱེན་རླབས་འགྲན་ཟླ་བྲལ་བས།། འཇིག་རྟེན་མཁས་དགུས་བཀུར་ཀྱང་།། ཞི་དུལ་དམན་ས་གཟུང་བའི།། མཛད་སྤྱོད་ངོ་མཚར་ཆེ་བ།། འཕགས་ཡུལ་རིག་གཞུང་བཟང་པོ།། འཇིག་རྟེན་ཀུན་ཏུ་སྤེལ་ནས།། དུས་རབས་གསར་པའི་འཕེལ་ཁ།། ཞི་བདེའི་ཕྱོགས་སུ་བསྒྱུར་མཛད།། ཁྱེད་ཀྱི་ཐུགས་བཞེད་ལྷུན་གྱིས་གྲུབ་པར་ཤོག། ཁྱེད་ཉིད་སྐུ་ཚེ་ཡུན་དུ་བརྟན་པར་ཤོག། འཛམ་གླིང་ཆོས་ལུགས་སྣ་ཚོགས།། བསླབ་བྱ་བྱམས་བརྩེ་བཟོད་བསྲན།། གཅིག་ཏུ་མཐུན་པའི་གདམས་པ།། འཇིག་རྟེན་ཡོངས་ཀྱི་གསོས་སྨན།། ཉམ་ངའི་གནས་སུ་ལྷུང་བའི།། བདག་ཅག་གང་གི་ཐུགས་རྗེས།། དེང་རབས་ཤེས་བྱའི་ཁྱད་ཡོན།། སྤྱོད་པའི་སྐལ་བཟང་ཐོབ་སོང་།། ཁྱེད་ཀྱི་ཐུགས་བཞེད་ལྷུན་གྱིས་གྲུབ་པར་ཤོག། ཁྱེད་ཉིད་སྐུ་ཚེ་ཡུན་དུ་བརྟན་པར་ཤོག། རང་མགོ་རང་གིས་བསྐོར་སྲིད།། ཁྱེད་ཀྱིས་བསླུ་བ་མི་སྲིད།། རང་གིས་རང་ལ་བརྩེ་བ།། ཁྱེད་ཀྱིས་མོག་པོར་བྱས་སོང་།། ཁྱེད་ཀྱི་རྣམ་ཐར་བཟང་པོར།། བསླབས་ནས་རྨོངས་པའི་སྐྱེ་བོར།། གུས་ཅག་ཤེས་པའི་ཡོན་ཏན།། རེ་བ་མེད་པར་སྟོན་ནོ།། ཁྱེད་ཀྱི་རྣམ་ཐར་བཟང་པོར་སློབ་པར་ཤོག། ཁྱེད་ཀྱི་ཐུགས་བཞེད་ལྷུན་གྱིས་གྲུབ་པར་ཤོག། ཁྱེད་ཉིད་སྐུ་ཚེ་ཡུན་དུ་བརྟན་པར་ཤོག། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།