་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།རྩོམ་པ་པོ། བོད། ཤ་ཁྲག་རུས་གསུམ།གཅིགསྤྱི་ལོ་དགུ་བཅུ་གོ་བརྒྱད་ལོའི་སྤྱི་ཟླ་བརྒྱད་པའི་ཟླ་གཅིག་ཙམ་ལ་བློ་བཟང་གིས་ཕ་ཡུལ་ནས་སྐུར་བའི་རྒྱ་སྒོར་གཅིག་སྟོང་ལྷག་ཞིག་འབྱོར་བའི་དགོང་མོར་དེར། རང་གི་ཤག་རོགས་བཟོད་རྒྱམ་ལ་འདི་ལ་འདི་ལྟར་བཤད། བཟོད་རྒྱམ་ལགས། ང་རང་སང་ཉིན་གྲྭ་ས་དང་ཁ་བྲལ་རྒྱུ་ཡིན་པས་བདེ་མོ་བྱོས། ང་རང་ལྟ་བུ་ཞིག་གྲྭ་ས་ནས་བསྡད་དེ་གྲྭ་བ་ཡག་པོ་ཞིག་ཡོང་ས་མ་རེད། དེ་ཡིན་དུས། རྡ་རམ་ས་ལར་སོང་དེ་དབྱིན་ཡིག་ཕྲན་པུ་རེ་སྤྱོང་ཞོར་དུ། མི་སྐྱ་བྱོས་དེ་རང་གི་འཚོ་བ་རང་གིས་བཙལ་ནས་བསྡད་ན་ཡག་པོ་འདུག་ལ་དཀོར་ཟས་དཀོར་ཆུ་ཟས་པ་མང་མེད་ན་ཉུང་མེད་ཚོད་ཡིན་དུས། ད་ནས་བཟུང་དཀོར་ཟས་དཀོར་ཆུ་ཟ་རྒྱུ་དེ་ནི་ང་ལྟ་བུ་ཞིག་གིས་གཏན་ནས་ཡོང་ས་མ་རེད་ཟེར་ནས་བཤད་དུས། ཤག་རོགས་བཟོད་རྒྱམ་གྱིས་བློ་བཟང་གིས་གདོང་ལ་ཧད་ནས་རེ་ཞིག་རིང་ཁ་མ་གྲགས། ཅུང་ཙམ་འགོར་རྗེས། དངོས་ནས་བཤད་ན་འུ་གཉིས་སྡེ་བ་གཅིག་གི་མི་ཡིན་ལ། གྲྭ་ས་འདིར་འུ་གཉིས་མ་གཏོགས་སྡེ་བ་གཅིག་པའི་མི་མེད་པ་ཡིན་དུས། ཁྱེད་རང་གྲྭ་བ་མི་བྱེད་ཟེར་ནས་བཤད་དེ་འོང་དུས། ངས་ཁྱེད་རང་ལ་དེ་ལྟར་མ་བྱེད་ཟེར་ནས་ཁ་བརྡ་སློབ་གསོ་ཞིག་རྒྱག་ཤེས་ཀྱི་མི་འདུག རྒྱུ་མཚན་ནི་འུ་གཉིས་ཀྱི་ནང་ནས་རྒྱ་གར་དུ་ཡོང་སྔ་ཤོས་ཁྱེད་རང་ཆགས་ཡོད་ལ། གྲྭ་བ་བྱེད་སྔ་ཤོས་དེ་ཡང་ཁྱེད་རང་ཆགས་ཡོད་པ་རེད། ད་ཁྱེད་རང་གིས་སེམས་ཐག་བཅད་ཟིན་སྟབས། ངས་ཁྱེད་ལ་གང་ཞིག་བཤད་ཟེར་ཞོར་དུ་སྐྱོ་ཉམས་དང་བཅས་དེ་མལ་ཁྲིའི་སྟེང་ནས་ཡང་བསྐྱར་བློ་བཟང་གི་གདོང་ལ་བལྟས། དེ་དུས་བློ་བཟང་གིས་ངས་གྲྭ་བ་ཟེར་བའི་བསྐོར་ལ་བསམ་བློ་མང་བོ་ཞིག་བཏང་བ་ཡིན། གྲྭ་བ་ཟེར་བ་ནི་ང་འདྲ་ཞིག་གི་གཏན་ནས་ཡོང་གི་མི་འདུག་པའི་རྒྱུ་མཚན་ཡོད་ཚད་རང་གི་སེམས་སུ་གསལ་བོར་ངེས་སོང་།བློ་བཟང་གི་སྐད་ཆ་དེ་དག་ཤག་རོགས་བཟོད་རྒྱམ་གྱིས་གཅིག་གཅིག་གཉིས་གཉིས་བྱས་དེ་ཉན་བྱས་དེ་ཉན་རྗེས་སུ། ཁྱེད་རང་རྡ་སར་སོང་ན་འདུག་ས་ཡོད་དམ། སྤྱིན་བདག་ག་གེ་མོ་འདྲ་ཡོད་དམ། ཡང་ན། སྒོར་མོ་འདང་ངེས་ཤིག་ཡོད་དམ་ཟེར་ནས་དྲི་བ་འདི་གསུམ་གཅིག་རྗེས་གཅིག་གིས་གནན།བློ་བཟང་གིས་དེ་མ་ཐག ང་རང་ལ་ཕ་ཡུལ་ནས་སྐུར་བའི་རྒྱ་སྒོར་གཅིག་སྟོང་ལྷག་པོ་དེ་མ་གཏོགས་སྒོར་མོ་མེད། གནས་སྐབས་རིང་འདུག་ས་ཡང་གཏན་འཁེལ་མེད། གྲོགས་པོ་ཞིག་ལ་བརྟེན་དགོས། སྤྱིན་བདག་ང་རང་ལ་གཏན་ནས་ཡོད་མ་མྱོང་{འདིས་སྐབས་སུ་སྤྱིན་བདག་ཟེར་ན་དེ་ནི་ཡོན་བདག་དད་པ་ཅན་དག་ལ་མི་གོ་བར་དེང་སང་གི་ཕྱི་རྒྱལ་ནས་རོགས་སྐྱོར་ལེན་མཁན་དག་ལ་གོ་དགོས།}། ཕྱིས་སུ་ཀྱང་འཚོལ་རྩིས་མེད། ད་བར་དུ་ཡོན་བདག་དད་པ་ལྡན་པ་དག་གིས་དཀོར་ཟས་པ་དེ་ཡང་ཚེ་རབས་མང་བོ་འཇལ་ཐུབ་མེད་པ་ཡིན་དུས། ད་དེའི་སྟེང་ལ་ཡང་བསྐྱར་གསོག་འདོད་ཅིག་མི་འདུག་ཟེར་ནས་ཤག་རོགས་བཟོད་རྒྱམ་ལན་སྤྲད་རྗེས་སུ། ཁོ་གཉིས་ཀྱི་དེ་དང་འབྲེལ་ནས་མཚན་ཕྱེད་གཡོལ་རེག་བར་དུ་ཁ་བརྡ་བྱས།གྲྭ་ས་ནས་རླངས་འཁོར་རེ་གཞིས་གྲོང་གསུམ་པ་དང་རྨོན་དྒོ་གྲོང་བརྡལ་དུ་འགྲོ་བཞིན་ཡོད་པ་དེའི་ནང་དུ་བཟོད་རྒྱམ་གྱིས་བློ་བཟང་ལམ་ལ་བཅུགས། བློ་བཟང་གིས་ཤག་རོགས་བཟོད་རྒྱམ་ལ་བདེ་མོ་བྱོས། ངས་འདང་དགོང་ཁྱེད་ལ་བཤད་པའི་སྐད་ཆ་དེ་དག་ལ་བསམ་བློ་ཞིབ་དུ་གཏོང་་རོགས་ཞུ་ཟེར་ཞོར་རླངས་འཁོར་ནང་ནས་ལག་གཡུགས་བྱས།རླངས་འཁོར་དང་མེ་འཁོར་སོགས་བརྒྱུད་དེ་ཉིན་མཚན་བཞིའི་རྗེས་སུ། བློ་བཟང་ལྡི་ལུ་སྒོ་མང་གྲྭ་ཚང་གི་མགྲོན་ཁང་དུ་འབྱོར་ནས། མགྲོན་ཁང་གི་འགན་འཛིན་ལ་རང་ཉིད་གྲྭ་ས་ནས་ཡོང་བ་ཡིན་པ་གསལ་བཤད་བྱས། གྲྭ་ཚང་གི་ཐོབ་ཁུངས་གཞིར་བཟུང་གིས་བློ་བཟང་ལ་ཡང་རིན་མེད་རྩེ་ཐོག་གི་ཁང་བ་ཆེན་པོ་དེའི་ནང་དུ་བསྡད་དུ་བཅུགས། དེ་རུ་ཁོ་དང་འདྲ་བའི་གྲྭ་སའི་ཐོབ་ཁུངས་ཀྱི་གྲྭ་བ་འགའ་རིན་མེད་བསྡོད་ཁང་དུ་བཞུགས་ཡོད་པ་རེད། ཡིན་ཡང་། ཕྱིར་ཉིན་ཕྱི་དྲོ་བློ་བཟང་གི་འདུག་རོགས་དེ་ཚོ་གྲྭ་སར་ཕེབས་ཤུལ་བློ་བཟང་གཅིག་བུར་ལུས།བློ་བཟང་གིས་རང་གི་གྲྭ་ལ་མ་འཕུད་གོང་དུ་བརྩིགས་ངོས་སུ་བཀལ་བའི་༧གོང་ས་མཆོག་གི་སྐུ་དཔར་མདུན་ནས་ཕྱག་གསུམ་འཚལ་ནས། རང་གི་སེམས་གཏིང་གི་ཡོད་ཚད་སྐུ་དཔར་དེའི་དྲུང་དུ་ཕུལ་རྗེས། གྲྭ་ལ་རེ་རེ་བཞིན་འཕུད་དེ་ལྡེབས་བརྩེགས་ལེགས་པོ་ཞིག་བརྒྱབ་དེ་རྒྱབ་ཁུག་ནང་དུ་བཅུགས། ཁོ་བོས་སྐྱ་ལ་དེ་དག་གི་གོ་རིམ་མ་ནོར་བར་ག་ལེར་གྱོན་ཞོར་དུ། སེམས་ཁོང་དེ་ཡང་འཁྱག་པར་གྱུར་ན་ཡང་། རང་གིས་འདམ་པའི་ལམ་ཁ་ཡིན་སྙམ་ཞོར་རང་གིས་རང་ལ་སེམས་གསོ་བྱེད་བཞིན། རྒྱབ་ཁུག་དེ་འཁུར་ནས་ནས་རྡ་སར་འགྲོ་བའི་རླངས་འཁོར་ས་ཚིགས་ཕྱོགས་སུ་ཁ་ཕྱོགས་དེ་སོང་།མུ་འགོད་ཡིན། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
ཨ་ཡོད།
སེམས་ཀྱི་ས་གཞི་མེ་ལོང་དག་པའི་ངོས་སུ།འཇིགས་སྣང་ཆེ་བའི་ཞེ་ལྡང་མེ་ཕུང་གི་མདངས།ལྷང་ལྷང་འཕྲོ་དུས་དམར་ཆུང་སྙིང་གི་འཕར་ལྡིང་།ཇི་མགྱོགས་སོང་བས་རེ་ཞིག་ངལ་དུས་ཨ་ཡོད། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
དྲན་པའི་བསིལ་ལྗོངས།
བེ་རི་འཇིགས་མེད།དགུན་དུས་བསིལ་རེག་རླུང་གིས་བཏབ་པའི་ཆུ་འཛིན་དག་ནི་འདར་ཞིང་གཡོ།།ཙམ་པ་ཀ་ཡི་མེ་ཏོག་ཇི་བཞིན་ཁ་བའི་འདབ་མ་ལྷུང་ལྷུང་འབབ།།རྨ་ཆེན་སྒང་དྲུག་ཧི་མ་ལ་ཡ་ཏི་སེ་གངས་ཀྱི་རི་བོ་རྣམས།།བ་སོའི་ཀ་བ་གྱེན་དུ་སློང་ལྟར་མཐོ་སྙེཊ་གནམ་མཐོངས་དབྱིངས་སུ་བཏེཊ།། ལྷུན་ཆཊ་སྲིད་པའི་གངས་ཀྱི་རི་ཕྲན་བསྟར་ཆགས་བསྒྲིག་པའི་ཕྲེང་བ་དག།།ས་སྲུང་ཐལ་དཀར་གཞོན་ནུའི་མཆེ་བ་དགུང་ལ་བཏེཊ་པའི་སྒེག་ཉམས་གསལ།།ཁ་བའི་འཇིག་རྟེན་ཡོངས་སུ་རྫོགས་པའི་བསིལ་ལྡན་ར་བའི་ནོར་འཛིན་ཁྱོན།།ནག་ནོག་དྲི་མས་ཡོངས་སུ་བཏང་བའི་རབ་དཀར་གཡང་ཊིའི་གཞོང་བ་བཞིན།། ཤེལ་དཀར་ལྕུག་ཕྲན་གཞོན་ནུའི་ལང་ཚོ་དལ་ལ་བབས་པས་མི་མཚོན་པ།།ཁ་བའི་མཛེས་པ་ཁུར་གྱིས་ལྕི་བའི་འདབ་ལྡན་ལྗོན་པའི་ལུས་ཕྲ་རྣམས།།བསིལ་རེག་ལྷཊ་པའི་གྲང་ངར་སྐྱོབ་ཕྱིར་སྲིན་བལ་ཕུང་པོའི་གོས་བཟང་ནི།།ཀུན་ནས་ཀླུབས་པའི་བརྟུལ་ཞུཊ་ལ་རེག་མིག་འོད་འཕྲོག་པའི་མཛེས་སྡུག་འཆང༌།། ཀུན་དགའ་ར་བའི་གསེར་གྱི་རྒྱ་ཕིབས་ཁ་བའི་གོས་ཀྱིས་ཀླུབས་པ་དེ།།རི་མོ་གསུམ་པའི་དྲང་སྲོང་དག་གིས་མ་ལི་ཀ་ཡི་མེ་ཏོག་ཕྲེང༌།།ཤིས་བརྗོད་སྨོན་ཚིག་ཁོག་ནས་རྒོད་པས་ལེགས་ལྡན་སྐྱེས་སུ་བཏེགས་པ་ལྟར།།རབ་མཛེས་བཀོད་ལེགས་ཡིད་ཀྱི་བཅུད་ལེན་ཕུན་ཚོགས་བྱེ་བའི་དཔྱིད་དུ་འཇོ།། དུང་གི་བ་གམ་བརྩེགས་པའི་ཕོ་བྲང་ཟ་འོག་དཀར་པོའི་ཡོལ་བ་ཅན།།རབ་དཀར་དངུལ་གྱི་མདའ་མདུང་གདེཊ་ཆ་རྣོན་པོའི་མཚོན་དང་གོ་ཆ་ལྟར།།ཁ་བས་མཛེས་པའི་གདོད་མའི་རི་རྩེ་མགོ་བོའི་ལྷ་སྲུང་གནས་པའི་རྟེན།།དར་ཡོལ་འཕྱང་བའི་ཤེལ་གྱི་ཕོ་བྲང་ཇི་བཞིན་མིག་ལམ་ལྷག་པར་མཛེས།། དྲི་མེད་ལྷ་རྫས་ཉིན་མོ་བདེ་ལེགས་གཡོ་བྱེད་མགོན་པོས་སྐུལ་བ་ལྟར།།རླུང་གིས་སྐྱོད་པའི་རབ་དཀར་སྨུག་སྤྲིན་སྲིད་པ་རྒན་པོའི་ལ་ཐོད་འཆང༌།།བཀོད་ལེགས་དབྱིབས་མཛེས་ལྟ་ན་སྡུག་པའི་གྲོང་དང་ཁང་ཁྱིམ་དེ་དག་ནི།།གཡས་འཁྱིལ་སྤུངས་པའི་ཕུང་པོ་ཇི་བཞིན་མཛེས་སྡུག་འབུམ་གྱི་སྙིང་པོ་འཆང༌།། འཛམ་གླིང་མཐོ་སྒང་རལ་བ་དཀར་པོ་ཆགས་འཇིག་རླུང་གིས་བསྐྱོད་པ་ན།།གྲང་ལྷཊ་གསེབ་ཏུ་གངས་རིའི་མིག་ཆུས་ལྷུན་སྟུག་འཁྱགས་རི་མཐོན་པོ་སྐྲུན།།དྲི་མེད་དཔངས་མཐོ་འཁྱགས་པའི་ངོས་ལ་ཉི་གཞོན་འོད་སྣང་འཕོས་པ་ཡིས།།མིག་གི་གཟི་ལེན་དངུལ་འོད་དཀར་པོས་ཚངས་པའི་ཞིང་ཡང་གསལ་བ་སྙམ།། དབྱར་གསུམ་རྦ་རླབས་རལ་བའི་མཚོན་གྱིས་ནོར་འཛིན་བུ་མོའི་ལྟོ་དྲས་པའི།།སྡིག་སྦྱངས་ཆེད་དུ་ལྷུང་ལྷུང་གླུ་ཡང་དགུན་གྱི་ཁུ་བྱུག་ལ་ལྟོས་ཏེ།།ས་ལ་འཁྱུག་པའི་གཡུ་འབྲུག་རྗེས་འབྲངས་དྭངས་གཙང་ཉལ་འགྲོའི་རྒྱུན་དག་ནི།།བསིལ་ལྡན་སྲ་མཁྲེཊ་འཁྱཊ་པའི་འོག་ཏུ་མི་སྨྲའི་བརྟུལ་ཞུཊ་སྒོམ་ནས་བཞུཊ།། རྟ་ལྗང་བདག་པོ་གླིང་བཞིར་བགྲོད་པའི་ངལ་བས་གདུང་སྟེ་སྐམ་པ་ན།།ཡན་ལག་བརྒྱད་ལྡན་བདུད་རྩིའི་བཏུང་བ་ཉལ་འགྲོའི་བུ་མོར་འོ་འདོད་ནས།།འབུམ་ཕྲག་འོད་རྣོན་མཚོན་གྱིས་བཞུས་ཀྱང་འཁྱག་པའི་བསམ་གཏན་ཕོ་བྲང་གི།ཏིང་འཛིན་མལ་ལས་དཀྲོགས་པར་མ་ནུས་ངོ་ཚས་སྐྱེངས་ཏེ་ནུབ་རིར་ཡིབས།། དེ་ཚེ་ལྷ་རྣམས་ཁ་བའི་འཇིག་རྟེན་དོན་དུ་གཉེར་བའི་བྲེལ་བ་ཡིས།།སྐབས་གསུམ་མཛེས་ལྗོངས་རིང་དུ་དོར་ཏེ་ཁ་བའི་ངང་པ་ལ་ཞོན་ནས།།གདོད་མའི་གངས་རིའི་ཁོར་ར་ཁོར་ཡུག་བཻཌཱུར་དཀར་པོའི་ཕོ་བྲང་ནི།།སྔར་མེད་དུ་མ་གསར་དུ་སྐྲུན་ཏེ་སྲིད་འདིའི་མཛེས་པ་སྤྱད་ཕྱིར་ལྷགས།། ཨེ་མ་དེ་ལྟར་ཁ་བའི་ཕུང་པོ་ད་དུང་ནུབ་གཅིག་བབས་གྱུར་ན།།མི་མཇེད་ཛམྦུའི་གླིང་གི་ཁྱོན་འདི་ཚངས་པའི་ཞིང་དང་མཉམ་པར་ངེས།།ཀ་ཡེ་བྱེད་པོ་གཡེམ་མའི་བཞིན་ལ་ད་དུང་ཁྱོད་ཉིད་གཡེངས་དྲགས་ན།།ཚངས་པའི་ཞིང་ཡང་ཁ་བའི་འཇིག་རྟེན་འོག་ཏུ་གནོན་ལ་ཐེ་མི་ཚོམ།། ཨེ་མ་བསིལ་ལྡན་ཁ་བའི་ཞིང་གི་ཕུན་ཚོགས་ལང་ཚོ་དེ་དྲན་ནས།།སད་ལ་མ་སད་ཉལ་ཁྲིའི་སྒང་ནས་རྔུལ་ནག་ཕར་ཕྱིས་ཚུར་ཕྱིས་ཀྱིས།།ལྷོ་མཐའི་ཚ་བ་འབར་བའི་ཡུལ་འདིར་མི་འདོད་བཞིན་དུ་སླེབས་པའི་དོན།།ཅི་ཞིག་ཡིན་སྙམ་བསམ་གཞིགས་ཀློང་ནས་སྙིང་གི་འཕར་རྩ་སླར་ཡང་ལྡིང༌།། ༡༩༩༤།༩།༡༥ ཉིན་འབྲས་སྤུངས་ནས། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
དྲན་གླུ།
འཆམ་ར་དྲི་མེད་རྒྱལ་མཚན། ཉི་འོད་གངས་ལ་ཕོག་དུས།།དཀར་གསལ་ཟླ་བ་འདྲ་བྱུང་།།བཅོ་ལྔའི་ཟླ་བ་ཤར་དུས།།ཨ་མ་ཡིད་ལ་དྲན་བྱུང་།། འཇོལ་མོས་གྲེ་འགྱུར་ངོམ་དུས།།ལྷ་བྱ་ཁུ་བྱུག་འདྲ་བྱུང།།ཁུ་བྱུག་མོན་ནས་སླེབས་དུས།།སྙིང་གི་མཛའ་མོ་དྲན་བྱུང་།། རི་འགོས་ཁ་བ་གྱོན་དུས།།གངས་རིའི་ལྗོངས་དེ་འདྲ་བྱུང་།།སྤྲིན་པ་བྱང་ལ་རྒྱུག་དུས།།ཕ་ཡུལ་བོད་དེ་དྲན་བྱུང་།། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
ཉི་མ་དང་ཕྲེང་བ།
ཀླུ་སྨྱོན་ཧེ་རུ་ཀ ལོ་ནའི་དབང་གིས།ཉི་མ་དྲོ་དུས་ང་རང་ཉི་མར་ལྡེ་བཞིན་ཡོད།ཨ་རིའི་བོད་པ་ཚོ་ཇི་འདྲའི་བྲེལ་བ་ཚ་ནའང་།ང་རང་ལྷོད་ལྷོད་ངང་ཉི་མར་ལྡེ་བཞིན་ཡོད།ཐག་ཉེ་རུ་བྱ་བྱེའུ་འགས་སྡོང་མགོ་རུ་ཅ་ཅོ་འབྱིན་པ་དང་།ཐག་རིང་ས་རུ་གནམ་གྲུ་ཆེན་པོ་ཞིག་ཞི་བདེའི་རྒྱ་མཚོའི་མཁའ་དབྱིངས་ནས་འདི་ཕྱོགས་སུ་འཕུར་ཡོང་ན་ཡང་།ང་རང་བྲེལ་བ་ཅི་ཡང་མེད་པར་ཉི་མར་ལྡེ་བཞིན་ཡོད།འདི་ནས་དཔག་ཚད་གཅིག་གི་ཕ་རོལ་ཏུ།མཚེའུ་ཞིག་ཡོད་ཅིང་། དེའི་མཐའ་སྐོར་ན་གཅེར་ཧྲེང་མང་པོ་ཞིག་བྲང་དང་རྐུབ་ཉི་མར་བསྟན་ནས་ཉི་མར་ལྡེ་བཞིན་ཡོད།ང་རང་སྐབས་རེར་དེ་ཚོའི་གསེབ་ཏུ་འཛུལ་ནས་ཉི་མར་ལྡེ་བར་དགའ་བར་ཧ་ཅང་དགའ།ཞི་མོ་ཚོའི་ནུ་མ་དང་ཞི་ལི་ཚོའི་དཔུང་ཤ་ཡིས་ཁོ་རང་ཚོར་སེམས་ཚོར་མི་འདྲ་ཅི་ཙམ་ཞིག་སྤྲོད་ན་ཡང་།ང་རང་ནི་ཞི་གནས་གྲུབ་པའི་དྲང་སྲོང་ཞིག་དང་མཚུངས་པར།ལུས་སེམས་གཉིས་ཀ་ཉི་མར་ལྡེ་བ་ལས།ཁོ་ཚོར་ཇུས་གཏོགས་ཅི་ཡང་བྱེད་ཀྱིན་མེད།གང་ལྟར།ཉི་མ་དྲོ་དུས།ང་རང་བྲེལ་བ་ཅི་ཡང་མེད་པར་ཉི་མར་ལྡེ་བཞིན་ཡོད། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།